བོད་ལྗོངས་ཀྱི་ཚན་རྩལ་ལས་དོན་པས་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5ཚེས30ཉིན་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་། ཁང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་བཅས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཚན་རྩལ་ནི་རྒྱལ་ཁབ་ཀྱི་ནུས་ལྡན་ལག་ཆ་ཡིན་པས་རྒྱལ་ཁབ་སྟོབས་ཆེར་འགྲོ་རྒྱུ་དང་། ཁེ་ལས་ལ་ཁེ་ཕན་ཐོབ་རྒྱུ། མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་རྒྱུ་བཅས་དང་ཁ་འབྲལ་ཐབས་མེད་པ་དང་སྦྲགས་ཚན་རྩལ་རྨང་གཞི་བརྟན་དུ་གཏོང་བ་དང་། འཐབ་ཇུས་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་གཏོང་བ། གསར་གཏོད་སྙིང་སྟོབས་དར་སྤེལ་གཏོང་བ་སོགས་ཀྱི་ལས་ཀའི་བླང་བྱ་བཏོན་གནང་བ་རེད།

ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མིའི་གྲས་ཤིག་ཡིན་པའི་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་ཞིའུ་ཀྲེན་ལ་མྱོང་ཚོར་ཟབ་མོ་བྱུང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱིས་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་བཏོན་གནང་ཁར་ཚན་རྩལ་ཁྱབ་གདལ་དེ་ཉིད་ཚན་རྩལ་གསར་གཏོད་དང་འདྲ་མཉམ་གྱི་གལ་ཆེའི་གནས་བབ་ཐོག་བཞག་གནང་བ་དེ་ཡིན། ལི་ཞིའུ་ཀྲེན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་གོམ་སྟབས་རྗེས་མའི་ཚན་རྩལ་མཐུན་ཚོགས་ལས་དོན་ལ་སྲིད་ཇུས་ཀྱི་འདེགས་སྐྱོར་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། དམིགས་ཚད་དེ་ལྟ་བུའི་ཁྲིད་སྟོན་འོག ལྗོངས་ཡོངས་ཀྱི་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཚན་རྩལ་ལས་དོན་པར་ཞབས་ཞུ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུར་ཞབས་ཞུ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུར་ཞབས་ཞུ། ཏང་དང་སྲིད་གཞུང་གི་ཚན་རིག་འཐབ་ཇུས་འདོན་རྒྱུར་ཞབས་ཞུ་བཅས་ཀྱི་འགན་ཁྲིའི་ངེས་གནས་མཐའ་འཁྱོངས་བྱེད་པ། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཁྲིད་སྟོན་གྱིས་ཚན་རྩལ་གསར་གཏོད་ཀྱི་འཐབ་ས་གཙོ་བོར་ཧུར་ཐག་བསྐྱོད་ནས་གསར་གཏོད་དང་སྔོན་གཏོད་བྱ་སྤྱོད་སྤེལ་བ་དང་། ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཞིང་འབྲོག་པ་དང་གཞོན་ནུ་ལོ་ཆུང་སོགས་གཙོ་གནད་མི་ཚོགས་ལ་དམིགས་ཏེ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འཆར་འགོད་རྩ་གནད་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་གཏོད་པ་བཅས་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་ས་བོན་སྐྱེད་སྲིང་བྱེད་དགོས་ཞེས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱིས་གསུང་བཤད་གལ་ཆེན་གནང་སྐབས་སྣེ་ཁྲིད་མཁན་གྱི་ཚན་རྩལ་རིགས་གཅིག་མཁས་ཅན་ལ་གོ་གནས་དང་དབང་ཆ་ལྡན་པ་དང་། ལག་རྩལ་ལམ་ཐིག་གི་ཐབས་ཇུས་དབང་ཆ་དེ་བས་ཆེ་བ་ལྡན་པ། འགྲོ་གྲོན་གྱི་བཀོད་སྒྲིག་དབང་ཆ་དེ་བས་ཆེ་བ་ལྡན་པ། ཐོན་ཁུངས་ཀྱི་སྐོང་འཐེན་དབང་ཆ་དེ་བས་ཆེ་བ་ལྡན་པ་བཅས་ཡོད་པ་བྱེད་དགོས་ཞེས་བསྟན་གནང་ཡོད། “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེ་ཚན་རྩལ་མི་སྣའི་སེམས་ནང་ཟུག་ཡོད་ལ་རྒྱལ་ཁབ་ཀྱིས་ཚན་རྩལ་ལས་དོན་པར་བརྩི་བཀུར་དང་ཡིད་ཆེས་གནང་བ་གང་ལེགས་མངོན་ཏེ། རྒྱ་ཆེའི་ཚན་རྩལ་ལས་དོན་པའི་སེམས་ཤུགས་འཕེལ་བ་བྱས་སྟབས་ཚན་ཞིབ་ལས་དོན་པར་ཡིད་ཆེས་ལྡན་པ་དང་། གསར་གཏོད་བྱ་རྒྱུའི་ཁོར་ཡུག་ལྡན་པ་བྱས་ཚེ་དེས་རང་ལྗོངས་ཀྱི་ཚན་ཞིབ་གསོན་ཤུགས་སྔར་བས་སྐུལ་སྤེལ་བྱེད་ཐུབ”“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེས་ཏང་དང་སྲིད་གཞུང་གིས་ཁྱབ་ཁོངས་ཁག་ཏུ་ཚན་རྩལ་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པའི་ས་བོན་ཞིག་སྐྱེད་སྲིང་བྱས་པ་དང་། ས་བོན་དེ་ལས་ང་ཚོར་གྲུབ་འབྲས་དེ་བས་བཟང་པོ་ཐོབ་རྒྱུ་ཡིན་པའི་མྱོང་ཚོར་བྱུང”ཞེས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཚན་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཐུབ་བསྟན་མཁས་གྲུབ་ཀྱིས་གསུངས་པ་རེད།

མིག་སྔར་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་གོ་སྐབས་བཟང་ཤོས་སུ་གནས་པ་དང་། ཚན་རྩལ་མཐུན་ཚོགས་ཀྱི་རྩ་འཛུགས་འཕེལ་རྒྱས་ཀྱང་སྒྱུར་བཅོས་གཏིང་ཟབ་བྱེད་པའི་གོ་སྐབས་ཀྱི་དུས་སུ་གནས་ཡོད། རང་ལྗོངས་ཀྱི་ཚན་རྩལ་ལས་དོན་པས་བློ་གྲོས་དང་སྟོབས་ཤུགས་དེ་ཚོགས་ཆེན་ཐོག་བཏོན་པའི་ལས་དོན་བཀོད་སྒྲིག་དང་ལས་འགན་ཁག་ནང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་གཅིག་ཏུ་འདུས་པ་དང་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གསར་གཏོད་རྣམ་པའི་རྒྱལ་ཁབ་སྐྲུན་པའི་རླབས་ཆེན་བྱ་གཞག་ནང་གཅིག་ཏུ་འདུས་ནས་རང་རྒྱལ་ཉིད་འཛམ་གླིང་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།