བྱ་ཐབས་སྣ་ཚོགས་སྤྱད་དེ་མི་སེར་ལ་སྔོ་ཚལ་མཁོ་སྤྲོད་བྱ་རྒྱུ་འགན་ལེན་བྱེད་པ།

111.jpg

འདི་ནི་ཁྲེང་ཀོན་ཆུས་ཉང་བྲན་ལམ་སྔོ་ཚལ་སྡེབ་ཚོང་ཁྲོམ་རའི་ཟུར་ཞིག་ཡིན་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་ཀྱིས་སྲིད་གཞུང་གི་ཁྲིད་སྟོན་འོག་སྔོ་ཚལ་དྲོད་ཁང་སྐྲུན་པ་དང་། སྔོ་ཚལ་ཐོན་རྫས་ཐད་ཚོང་ལམ་བུ་སྐྲུན་པ། ཚལ་འདེབས་ཞིང་པས་སྒོ་རྩིས་ཚོང་ཁང་དང་ཐད་ཀར་འབྲེལ་བ་བྱེད་པ། སྔོ་ཚལ་རིན་གོང་ཞིབ་བཤེར་ལམ་ལུགས་ལག་ལེན་བསྟར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྔོ་ཚལ་གྱི་རིན་གོང་འཕར་བར་ཁ་གཏད་བཅག་ནས་ཁྲོམ་ར་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱས་པ་མ་ཟད། སྔོ་ཚལ་གྱི་རིན་གོང་གཅོག་གང་ཐུབ་ཅི་ཐུབ་བྱེད་པ་དང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་རར་མཁོ་སྤྲོད་བྱ་རྒྱུ་འགན་ལེན་བྱས་ནས་སྔོ་ཚལ་གྱི་རིན་གོང་བརྟན་པོ་ཡོང་བ་བྱས་པ་རེད།

    སྔོ་ཚལ་དྲོད་ཁང་འཕེལ་རྒྱས་ཤུགས་ཆེན་གཏོང་བ།

    གསར་འགོད་པར་ཁྲེང་ཀོན་ཆུས་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱུང་དོན། ན་ནིང་ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་ཁྲི་3660བཏང་སྟེ་ཁྲེང་ཀོན་ཆུས་ཀྱི་ཁྱད་ལྡན་ལྡུམ་རའི་ལག་རྩལ་ཐོན་ལས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དང་ཆབས་ཅིག་དཔེ་སྟོན་ཁུལ་གྱི་དྲོད་ཁང་ནང་སོ་ལོ་སྔོན་པོ་དང་། ཆེ་ཙི། ཀྲོ་མ་ཀྲུ་སོགས་སྔོ་ཚལ་སྣ་ཚོགས་བཏབ་པ་རེད། རྒྱ་ཆེའི་གྲོང་མིའི་དགོས་མཁོ་སྣ་ཚོགས་སྐོང་ཆེད་དཔེ་སྟོན་ཁུལ་དེས “ཁོག་མའི་སྔོ་ཚལ ”ཚོད་འདེབས་བྱས་ཤིང་། “ཁོག་མའི་སྔོ་ཚལ ”དེ་རིགས་ལ་ཆ་མཚོན་ན། རྒྱ་ཆེའི་གྲོང་མི་ཚོས་མེ་ཏོག་བཞིན་གསོ་ཆོག་ལ་མཁོ་སྐབས་བཏུས་ཀྱང་ཆོག་པ་དང་དེར་ད་དུང་སྔོ་ཚལ་གྱི་རིན་གོང་སྙོམས་སྒྲིག་བྱེད་པའི་དགེ་མཚན་ཞིག་ཀྱང་ལྡན་ཡོད་པ་རེད། “ཁྲེང་ཀོན་ཆུས་ཀྱི་ཁྱད་ལྡན་ལྡུམ་རའི་ལག་རྩལ་ཐོན་ལས་ཅན་གྱི་དཔེ་སྟོན་ཁུལ་དུ་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་དང་། གྲུབ་འབྲས་གཞན་སྒྱུར། ཚལ་སོན་གསོ་སྤེལ་སོགས་ཀྱི་ལས་དོན་སྤེལ་ཏེ་སྔོ་ཚལ་སོགས་ཞིང་ལས་ཐོན་ཟོག་གི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་དང་ཁྲེང་ཀོན་ཆུས་ཀྱི་སྤུས་ལེགས་སྔོ་ཚལ་ཐོན་ཟོག་གི་སྤུས་རྟགས་བཏོད་པ་མ་ཟད། ད་དུང་ས་གནས་དེ་གའི་སྔོ་ཚལ་ཁྲོམ་རའི་རིན་གོང་སྙོམས་སྒྲིག་ནུས་ལྡན་ཡང་བྱས་ཡོད ”ཅེས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་གྲོང་གསེབ་དཔལ་འབྱོར་མཉམ་ལས་ཁང་གི་ལས་འཛིན་གཞོན་པ་ཟླ་བ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་བྱུང་།

    “འདི་ལོ་ཁྲེང་ཀོན་ཆུས་ཀྱིས་སྔོ་ཚལ་དྲོད་ཁང400བསྐྲུན་ནས་གྲོང་མིའི་སྔོ་ཚལ་གྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་རྒྱུ་ཡིན་ཞིང་། མིག་སྔའི་བར་ཁྲེང་ཀོན་ཆུས་སུ་སྔོ་ཚལ་དྲོད་ཁང་6500ཡོད ”ཅེས་ཁྲེང་ཀོན་ཆུས་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་དོན་གྲུབ་ཀྱིས་གསར་འགོད་པར་བཤད་བྱུང་།

    “ཚལ་འདེབས་ཞིང་དུད་དང་སྒོ་རྩིས་ཚོང་ཁང་དབར ”ཐད་ཀར་འབྲེལ་བ་བྱེད་པ།

    “སྔོ་ཚལ་འགྲོ་རྒྱུག་གི་ལྷུ་ཚིགས་མང་བའི་རྐྱེན་གྱིས་སྔོ་ཚལ་ཐོན་རྫས་འགྲོ་རྒྱུག་བྱེད་རིང་ཟད་སྐྱོན་ཆེན་པོ་བྱུང་བ་མ་ཟད། ད་དུང་ལྷུ་ཚིགས་རེ་བརྒྱུད་པ་དང་ཆབས་ཅིག་མ་གནས་ཀྱང་མཐོ་རུ་སོང་ནས་མཐར་ཞིང་འབྲོག་ཐོན་ཟོག་གི་རིན་གོང་དེ་མཐོ་པོ་ཞིག་ཆགས་ཀྱི་ཡོད ”ཅེས་ཁྲོང་ཀོན་ཆུས་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཕུན་ཚེས་བཤད། འདི་ལོ་ཁྲེང་ཀོན་ཆུས་ཀྱིས “ཚལ་འདེབས་ཞིང་དུད་དང་སྒོ་རྩིས་ཚོང་ཁང་དབར ”ཐད་ཀར་འབྲེལ་བ་བྱེད་པའི་བྱེད་ཐབས་སྤྱད་དེ་ཚལ་གུང་ཐང་གི་སྔོ་ཚལ་རྟེན་གཞིའི་སྔོ་ཚལ་སྒོ་རྩིས་ཚོང་ཁང་དུ་ཐད་ཀར་སྐྱེལ་རྒྱུ་ཡིན་ཞིང་། དེ་འདྲ་བྱུང་ན་སྔོ་ཚལ་སོས་པ་དེ་མ་ཉིད་དུ་མི་སེར་གྱིས་སྤྱོད་ཐུབ་ལ་བར་གྱི་ལྷུ་ཚིགས་སུ་ཟད་སྐྱོན་མི་ཕོག་པའང་བྱེད་ཐུབ།

    “སྔོ་ཚལ་སོས་པ་ཡིན་མིན་དེ་གལ་ཤིན་ཏུ་ཆེ་ཞིང་། ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་རར་སྟོན་པའི་སྔོ་ཚལ་ལ་ཆ་མཚོན་ན། གལ་ཏེ་སྔོ་ཚལ་དེ་དག་ཉིན་དེ་རང་དུ་བཙོངས་མ་ཚར་ན་གྱོང་གུན་ཆེན་པོ་ཕོག་རྒྱུ་རེད། གྱོང་གུན་དེའི་ནང་གི་ཁག་གཅིག་འཛད་སྤྱོད་པར་ཕོག་གི་ཡོད་ཅིང་། མིག་སྔར་ལྷ་སའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་མང་པོ་ཞིག་དང་སྒོ་རྩིས་ཚོང་ཁང་མང་པོ་ཞིག་གིས་སྔོ་ཚལ་མངགས་པར་ཡོང་གི་ཡོད། དེར་བརྟེན་གྲོང་མི་ཚོར་སྔོ་ཚལ་སྡེབ་ཚོང་ཁྲོམ་རའམ་ཡང་ན་སྒོ་རྩིས་ཚོང་ཁང་དུ་ཚལ་ཉོ་བར་བསྐྱོད་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན ”ཞེས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་སྔོ་ཚལ་འདེབས་མཁན་དབྱངས་ཅན་གྱིས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་སྔོ་ཚལ་ཐོན་སྐྱེད་བྱས་ནས་མཁོ་སྤྲོད་ཀྱི་འགལ་བ་སེལ་དགོས་ཀྱི་འདུག་ཅེས་བཤད།

    སྔོ་ཚལ་ཁྲོམ་རའི་རིན་གོང་བརྟན་པོ་ཡོད་པ།

    གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་ཁག་ནས་ཉེ་བའི་སྐབས་ཤིག་རིང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་ཁག་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ཏུ་སྔོ་ཚལ་སྣ་ཁ་འཛོམས་པོ་དང་འབེལ་འབེལ་ལྷུག་ལྷུག་ཡོད་པ་མ་ཟད། རིན་གོང་ཡང་བརྟན་པོ་ཡོད་པ་ཤེས་རྟོགས་བྱུང་།

    གསར་འགོད་པར་ཤེས་རྟོགས་བྱུང་བར་མིག་སྔར་ཁྲེང་ཀོན་ཆུས་སུ་ཉང་བྲན་ལམ་སྔོ་ཚལ་སྡེབ་ཚོང་ཕྱོགས་བསྡུས་ཁྲོམ་ར་དང་། རྔ་ཆེན་ལམ་སྔོ་ཚལ་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཕྱོགས་བསྡུས་ཁྲོམ་ར། ལྕགས་པོ་རི་སྔོ་ཚལ་སྡེབ་ཚོང་ཁྲོམ་ར་བཅས་སྔོ་ཚལ་གཉེར་སྐྱོང་ཁྲོམ་ར་བཅུ་ལྷག་ཙམ་ཡོད་པ་དང་རྒྱུན་དུ་སྔོ་ཚལ་སྡེབ་ཚོང་རྒྱག་མཁན་ཚོང་པ600ཡས་མས་ཡོད་པ་དེའི་ནང་གྲོང་ཁུལ་དུ་གཏན་འཇགས་ཀྱི་སིལ་ཚོང་ཁྲོམ་བཀྱག500ལྷག་ཙམ་ཡོད་པ་དེ་དག་གིས་ཆ་སྙོམས་ཉིན་རེར་སྔོ་ཚལ་ཏུན30ཙམ་འཚོང་གི་ཡོད་པ་རེད།

    “སྔོ་ཚལ་གྱི་རིན་གོང་བརྟན་པོ་ཡོང་བ་བྱེད་དགོས་ན་སྲིད་གཞུང་གིས་བྱེད་ཐབས་བཏོན་ནས་འབེལ་དཀོན་སྙོམས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གལ་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་རིན་གོང་ལྟ་ཞིབ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྡེབ་ཚོང་རྒྱག་མཁན་གྱིས་རིན་གོང་སྣོན་དྲགས་རྒྱུ་བཀག་འགོག་བྱས་ན་སྔོ་ཚལ་གྱི་རིན་གོང་ཆུང་དུ་འགྲོ་ངེས་རེད ”ཅེས་གྲོང་མི་ལི་ག་གེ་མོས་བཤད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།