ཏིང་ཡེ་ཤན་གྱིས་ལྷོ་ཁར་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས15ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་བཅས་པས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་དང་ཟངས་རི་རྫོང་སོགས་སུ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ལྷོ་ཁ་ས་ཁུལ་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་ཀའི་སྙན་ཞུ་གསན་པ་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་རྗེས། ཏིང་ཡེ་ཤན་གྱིས་ལྷོ་ཁ་ས་ཁུལ་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། ལྷོ་ཁ་ས་ཁུལ་གྱི་དབུལ་སྐྱོར་ལས་དོན་དང་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་ཐུགས་བློ་ཚིམ་པོ་བྱུང་ཡོད། ཁོང་གིས་ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་དབུལ་སྐྱོར་ལས་དོན་སྤེལ་རིང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། ནུས་ལྡན་གྱི་བྱ་ཐབས་སྤྱོད་པ་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་པས་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད། ལྷོ་ཁ་ས་ཁུལ་གྱིས་དབུལ་སྐྱོར་གནས་སྤོའི་ལས་དོན་སྤེལ་རིང་ས་ཆ་འདེམས་པ་དང་། འཆར་འགོད་ཇུས་འགོད། དཔུང་ཁག་འཛུགས་སྐྱོང་བཅས་ཚང་མ་དོན་འཁྱོལ་བྱས་ཟིན་པ་དང་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་བཀོད་སྒྲིག་ཐད་ལའང་བསམ་གཞིག་གང་ལེགས་བྱས་ཡོད་པས། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་དང་རྦད་དེ་མཐུན་འདུག་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་མཛུབ་སྟོན་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཕྱར་བ་གྲུ་འདེགས་དང་བློ་སྟོབས་གཅིག་སྒྲིལ་གྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་དབུལ་སྒྲོལ་འགག་སྒྲོལ་གྱི་འགོ་འཛུགས་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།