གཅིག་ལ་གཅིག་གཏད་ཀྱིས་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “འདྲི་གཞི་འཕྲད་རིམ་བཞིན་སྔོན་ལ་དེའི་ནང་དོན་ཞིབ་ཕྲ་ཤེས་པར་བྱས་རྗེས་གཞི་ནས་ལན་འདེབས་དགོས”ཞེས་ཉེ་ཆར་གསར་འགོད་པ་ལྷོ་ཁ་ས་ཁུལ་སློབ་ཆུང་དང་པོར་བཅར་འདྲིར་སྐྱོད་སྐབས་དགེ་རྒན་གཞུང་ལས་ཁང་ནས་གློ་བུར་དུ་དེ་ལྟར་ཐོས།དེ་དུས་སློབ་གྲྭ་གྲོལ་ཟིན་ནའང་འཛིན་གྲྭའི་ཀྲུའུ་རེན་གྱི་འགན་བཞེས་མཁན་རྒན་ཚེ་སྒྲོན་གྱིས་སློབ་ཕྱིའི་དུས་ཚོད་སྤྱད་དེ་སློབ་མ་རྣམས་ལ་ཟུར་ཁྲིད་བྱེད་བཞིན་འདུག

ཤེས་རྟོགས་བྱུང་གསལ། ཉེ་ཆར་ལྷོ་ཁ་ས་ཁུལ་སློབ་ཆུང་དང་པོའི་ཏང་ཀྲི་པུའུ་ཡིས“སློབ་ཚན་ཡག་པོ་འཁྲིད་མི་ཐུབ་པའི་སློབ་མ་མེད་པ”དང“སློབ་མ་གཅིག་ཀྱང་རྗེས་ལུས་མི་ཐེབས་པ་བྱེད་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་སློབ་གྲྭ་དེ་ཡོངས་སུ་ཏང་ཡོན་དགེ་རྒན་གྱིས་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མ་དང་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ནས་ཏང་ཡོན་དགེ་རྒན49དང་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མ49ལ“གཅིག་ལ་གཅིག་གཏད”ཀྱི་རོགས་སྐྱོར་ཆ་བསྒྲིགས་ཡོད། བྱེད་སྒོ་དེས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ལྟེ་བའི་ལས་ཀར་དམ་པོར་དམིགས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་དང་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་སློབ་མའི་སློབ་སྦྱོང་གི་དཀའ་ངལ་དངོས་སེལ་རོགས་བྱས་ཏེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་དང་སྒོ་ཀུན་ནས་ཡར་རྒྱས་ཡོང་རྒྱུར་སྐུལ་མ་བཏང་ཡོད།

“ད་དུང་ང་ཚོའི་ཏང་ཡོན་དགེ་རྒན་གྱིས་སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་ཟིན་ཐོའི་ཡིག་ཚགས་བཟོས་ནས་རོགས་སྐྱོར་བྱེད་རིང་ཐོན་པའི་གནད་དོན་དུས་ཐོག་ཏུ་ཤེས་པ་བྱས་པའི་ཁར་སློབ་སྦྱོང་ཡག་པོ་མེད་པའི་སློབ་མར་རོགས་སྐྱོར་བྱེད་པའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཡོད”ཅེས་ལྷོ་ཁ་ས་ཁུལ་སློབ་ཆུང་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་བདེ་སྐྱིད་ཀྱིས་དེ་ལྟར་བཤད་པ་དང་ཁོང་གིས་ཏང་ཡོན་དགེ་རྒན་གྱིས་ལྷག་བསམ་ཟོལ་མེད་ངང“སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར”ཀུན་སྤྱོད་རོགས་སྐྱོར་དང་། བསམ་བློའི་རོགས་སྐྱོར། སློབ་སྦྱོང་རོགས་སྐྱོར། འཚོ་བའི་རོགས་སྐྱོར་བཅས་བྱས་ཏེ་ཁོང་ཚོའི་འཚོ་བ་དང་། སློབ་སྦྱོང་། བསམ་བློ་བཅས་ཀྱི་ཐད་འཕྲད་པའི་དཀའ་ངལ་ནུས་ལྡན་ངང་བསལ་ཡོད།

“སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱ་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་ལ། དོར་དུ་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན་པས། ང་ཚོས་ལས་ཀ་དེ་ངེས་པར་དུ་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་ཆ་སྒྲིག་རོགས་སྐྱོར་ཐད་ཚེ་རིང་བདེ་སྐྱིད་ཀྱིས་སེམས་ཤུགས་ཆེན་པོས་དེ་ལྟར་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།