​གཞིས་རྩེས་སྨན་བཅོས་འགན་བཅོལ་ལས་དོན་ཁག་ཚན་རིག་དང་མཐུན་པ་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་གྲོང་ཁྱེར་གྱིས་ད་ལོའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུ་གཅིག་གྱུར་འཆར་འགོད་དང་ཐེབས་རྩ་བསྡུ་ལེན་གྱི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ།  འགན་བཅོལ་བྱེད་དགོས་པ་ཚང་མ་འགན་བཅོལ་ཐུབ་པ་བྱེད་པ་དང་ཐེབས་རྩ་བསྡུ་དགོས་པ་ཚང་མ་བསྡུ་བ་།  འགན་བཅོལ་ནང་ཞུགས་པའི་གཅིག་གྱུར་འཆར་འགོད་ཀྱི་ཚན་པ་དང་ལས་བཟོ་པ་གཅིག་ཀྱང་མི་ལུས་པ་བྱེད་པ།  འཇལ་དགོས་པའི་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་དམའ་རུ་མི་གཏོང་བ་བཅས་བྱས་པ་རེད།

ད་ལོའི་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱིས་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།  རྒྱུན་ཆད་མེད་པར་ལས་རིམ་ལེགས་སུ་གཏོང་བ་དང་ཞབས་ཞུ་བྱེད་སྟངས་ལེགས་བཅོས་བྱེད་པ། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ནས།  སྨན་བཅོས་འགན་བཅོལ་ལས་དོན་ཚན་རིག་དང་མཐུན་པ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་རྒྱུན་མཐུད་སྐུལ་སྤེལ་བཏང་བ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་དམིགས་ཚད་འགན་འཁྲིའི་དོ་དམ་རྒྱུན་འཁྱོངས་བྱེད་པ་དང་།  རིམ་དབྱེ་དོན་འཁྱོལ་དམ་འཛིན་གྱི་རྩ་དོན་གཞིར་བཟུང་རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་བྱེད་པ་།  རིམ་པ་སོ་སོའི་ལས་འགན་ཁག་བགོས་དང་ལས་གནས་འགན་འཁྲི་ཁ་གསལ་བཟོ་བ།  ལོ་འཁོར་མོའི་དམིགས་ཚད་འགན་འཁྲི་མི་ཐོག་ལ་དོན་འཁྱོལ་བྱེད་པ།  ལས་གནས་ཁ་གསལ་དང་ལས་འགན་ཁ་གསལ།  འགན་འཁྲི་མི་ཐོག་ལ་དཀྲི་བ་བཅས་བྱེད་པ།  ལས་དོན་མི་སྣའི་འགན་སེམས་དང་ཁ་ཚ་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས།  ལས་དོན་ཁག་དེ་བས་ལེགས་པའི་སྒོ་ནས་ལེགས་སྒྲུབ་ཡོང་ཆེད་ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་འགྲོ་བ་བྱས་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་གཏན་འབེབས་དང་།  སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་གཏོང་སྤྲོད་དང་དཔྱད་ཞིབ།  འགྲོ་གྲོན་རྩིས་ཞུ་བཅས་ཀྱི་ལས་རིམ་ལ་ནན་པོར་གཞིགས་ཏེ།  ལས་སྒོ་གཉེར་མཁན་མི་སྣས་ཐོག་མའི་དཔྱད་ཞིབ་བྱེད་པ་དང་གཙོ་འགན་འཁུར་མཁན་འགོ་ཁྲིད་ཀྱིས་དཔྱད་ཞིབ་བྱེད་པ་ཕན་ཚུན་ལྟ་སྐུལ་དང་ཕན་ཚུན་ཚོད་འཛིན་གྱི་ལས་ཀའི་ལམ་སྲོལ་ལག་ལེན་བསྟར་ཏེ།  ཐོབ་ཐང་གཏོང་སྤྲོད་ཀྱི་འབྲེལ་ཡོད་དཔྱད་གཞི་ཆ་ཚང་བ་དང་ཚད་ལྡན།  ནོར་འཛོལ་མེད་པ་བཅས་འགན་སྲུང་བྱས་ནས་དཔྱད་ཞིབ་ནན་པོ་མེད་པ་དང་ལས་གཉེར་དྲང་བཞག་མེད་པ།  འགན་དབང་གང་བྱུང་སྤྱོད་པ།  སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་གཡོ་ལེན་བྱེད་པ་སོགས་ཀྱི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱས་ཐོག་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་དུས་ཐོག་དང་གྲངས་ཚང་ངང་གཏོང་སྤྲོད་ཐུབ་པ་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།