གཞི་རིམ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྨན་གླིང་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཕྱུག་འགྱུར་གྱི་ཐབས་ལམ་ལ་དོ་ཁུར་གྱིས་འཐབ་ས་དང་པོར་བརྩེ་སེམས་འཆང་བ་དང་། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ། འབབ་འཕར་གྱི་རྣམ་གྲངས་ལག་བསྟར་ཧུར་ཐག་བྱེད་པ་བཅས་བྱས་པས་དུད་ཚང་ཚང་མར་ཐབས་ལམ་ཡོད་པ་དང་། མི་ཚང་མར་ལས་ཀ་ཡོད་པ། ཉིན་ལྟར་ཡོང་འབབ་ཡོད་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

2015ལོར་སྨན་གླིང་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“ནང་དུ་གདན་དྲངས་པ”དང“ཕྱིར་བསྐྱོད་རྒྱུ”ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཞིང་འབྲོག་ལས་ཀྱི་ཉེར་སྤྱོད་ལག་རྩལ་དང་ལས་གཏོད་ལས་ཞུགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་པའི་ལག་རྩལ་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད་པ་རེད། 2015ལོར་རྫོང་ཡོངས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་ལྗོངས་ནང་ཁུལ་དུ་མི་ཐེངས312ལ་གསོ་སྦྱོང་བྱས་པ་དང་། ལྗོངས་ཕྱི་རོལ་དུ་མི་ཐེངས7ལ་གསོ་སྦྱོང་བྱས་པ། ལག་རྩལ་ཤེས་ལྡན་པ121གསོ་སྐྱོང་བྱས་ཡོད་པ་རེད། ཆབ་ནག་ཤང་ཉ་ལུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་གིས་མངགས)གིས་རང་ངོས་ཀྱི་ཆེད་ལས་ལེགས་ཆར་བརྟེན་ནས“ལག་རྩལ་སློབ་ཁྲིད་བྱས་ནས་ཐོན་སྐྱེད་ལ་རོགས་རམ་བྱེད་པ་དང་། ཚན་རྩལ་གཤམ་སྤེལ་བྱེད་པ། གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྱི་བྱང་ཚད་མཐོ་རུ་གཏོང་བ”བཅས་ཀྱི་བརྗོད་བྱ་གཙོ་བོའི་ལག་ལེན་བྱེད་སྒོ་ཤུགས་ཆེན་སྤེལ་བས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་དང་གསོ་ཚགས་བྱེད་པའི་ཆུ་ཚད་མཐོ་རུ་ཕྱིན་པའི་ཁར་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད་པ་རེད།

གཞན་ཡང་ཉིང་ཁྲིའི་སྨན་གླིང་གནམ་ཐང་གི་རིམ་མཐོའི་གཞུང་ལམ་དང་དེ་བཞིན་གནམ་ཐང་རྒྱས་སྐྲུན་དང་ལྷ་ཉིང་ལྕགས་ལམ་སོགས་ཀྱི་རྣམ་གྲངས་རབ་དང་རིམ་པ་འཛུགས་སྐྲུན་བྱེད་པ་དེ་གོ་སྐབས་སུ་བྱས་ནས་གྲོང་ཚོ་ཁག་གིས་གཉེར་བའི་བྱེ་རྡོ་ར་བ་གང་ལེགས་སྤྱད་དེ་ཕྱིར་ཚོང་གི་གྲོས་མཐུན་ལ་གཅིག་གྱུར་ཐོག་མིང་རྟགས་བཀོད་ཡོད་པ་རེད། དེ་དང་ཆབས་ཅིག་སྐྱེལ་འདྲེན་བྱེད་མཁན་འཁོར་རིགས་མང་བ་དང་ཁ་ལོ་བ་ཉུང་བའི་དོན་དངོས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་གསོ་སྦྱོང་བྱས་ནས་ཞིང་འབྲོག་པས་ཁ་ལོ་བའི་ལག་ཁྱེར་བདེ་བླག་ངང་ལེན་ཐུབ་རྒྱུར་རོགས་རམ་བྱས་པ་མ་ཟད། ཞིང་འབྲོག་པའི་ལས་ཞུགས་ཀྱི་ཐབས་ལམ་ཡང་རྒྱ་ཆེར་གཏོང་རོགས་བྱས་པ་རེད། མིག་སྔའི་བར་སྨན་གླིང་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ངལ་ནུས་ཕྱིར་གཏོང་མི་གྲངས612བྱེད་རོགས་བྱས་ནས་དངུལ་སྨར་ཡོང་འབབ་སྒོར་ཁྲི33.6བྱུང་བ་དང་། བཅའ་སྡོད་གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁག513གསལ་པོ་བཟོ་རོགས་བྱས་པ། འཕེལ་རྒྱས་ཀྱི་ཐབས་ལམ250འཚོལ་རོགས་བྱས་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཁག235བཟོ་བ་དང་། འཐུས་སྒོ་ཚང་དུ་བཏང་བ། ལག་བསྟར་བཅས་བྱས་པ་དང་། ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ཧུར་ཐག་བྱས་པ་དང་ངལ་རྩོལ་རྩལ་ནུས་སོགས་ཀྱི་གསོ་སྦྱོང་ཐེངས205བྱས་པར་གསོ་སྦྱོང་ནང་ཞུགས་མཁན་མི་ཐེངས410ཟིན་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།