བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོར་བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ལ་རྟོག་ཞིབ་གནང་།

res01_attpic_brief.jpg

འདི་ནི་བློ་བཟང་རྒྱལ་མཚན་གྱིས་སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་གསོའི་རྟེན་གཞིར་སློབ་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན་ནས་ཚེས29ཉིན་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོར་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཐད་བརྟག་ཞིབ་གནང་བ་དང་། རྒྱ་ཆེའི་དགེ་སློབ་ཚོར་གཟིགས་སྐབས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་དང་སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བའི་ཐོག་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལེགས་ཆ་གསར་པ་གསར་གཏོད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་གསར་པ་གསར་གཏོད།

སློབ་གྲྭའི་ལས་དོན་གྱི་རྣམ་པ་གསར་པ་གསར་གཏོད་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ཡོང་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་པའི་འདེགས་སྐྱོར་སྔར་བས་ལེགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་གིས་བོད་ཀྱི་ཆེད་དུ་མེས་རྒྱལ་ནང་སར་བཙུགས་པའི་མཐོ་སློབ་ཨང་དང་པོ་ཡིན་པའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོས་བོད་ཀྱི་སྤྱི་པའི་སློབ་གྲྭ་དང་བོད་ལྗོངས་མི་རིགས་སློབ་གླིང་ནས་སློབ་ཆེན་བར་སྒོ་བྱང་བཀལ་བ་བརྒྱུད་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་ལོ་རྒྱུས་དུས་མཚམས་ཁག་ཏུ་རྗེས་ཤུལ་གཏིང་ཟབ་བཞག་ཡོད། སློབ་གྲྭའི་ལོ་རྒྱུས་ཁང་དུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་ཕེབས་མཚམས་བཞག་ནས་གཟིགས་སྐོར་ནན་ཏན་གནང་ཞིང་། ལོ་རྒྱུས་མཚོན་པའི་པར་རིས་རྩ་ཆེན་རེ་རེའི་ཐོག་བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོའི་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་གསོན་ཉམས་ལྡན་པའི་ངང་བཀོད་ཡོད་པ་དང་། སློབ་གྲྭའི་ལོ་རྒྱུས་ཁང་དུ་སྒྲིག་གཤོམ་བྱས་པའི་དངོས་པོ་རེ་རེའི་ཐོག་ནས་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་བ་གང་ལེགས་མངོན་ཡོད། བློ་བཟང་རྒྱལ་མཚན་གྱིས་སློབ་གྲྭ་བཙུགས་ཚུན་བོད་ཀྱི་ཞིང་བྲན་དང་ཞིང་འབྲོག་པའི་བུ་ཕྲུག་མང་པོ་གངས་ལྗོངས་ས་མཐོ་ནས་ཞན་དབྱང་གནའ་གྲོང་དུ་བསྐྱོད་དེ་དེང་རབས་ཀྱི་སློབ་གསོ་དང་ལེན་བྱེད་འགོ་ཚུགས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”མུ་མཐུད་རྒྱུན་འཛིན་བྱས་ནས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་རླབས་ཆེན་བྱ་གཞག་ནང་ཞུགས་ཏེ་མི་ཚེའི་ལས་དབང་གི་ཁ་ལོ་བསྒྱུར་བས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོའི་ལོ་རྒྱུས་ནི་དེང་རབས་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་མཚོན་ཚུལ་ཞིག་ཡིན་ཞེས་བརྗོད་ཆོག་ལ་དེ་ཐོག་ནས་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ནི་བོད་འདི་ཉིད་ཟམ་མི་ཆད་པར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པའི་གཞི་རྩའི་འགན་ལེན་ཡིན་པ་གང་ལེགས་མཚོན་ཡོད་ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས་པ་རེད།

སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་གསོའི་རྟེན་གཞིར་ཚོགས་པ་ཚང་མས་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་གྱིས་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ལེགས་ཆ་དང་དྲ་སྦྲེལ་+དང་ཟུང་འབྲེལ་བྱས་ནས་གསར་སྤེལ་གཉེར་སྐྱོང་བྱས་རིགས་སོ་སོར་ཁྱད་ཆོས་ལྡན་པ་དང་ཐོན་རྫས་ཞབས་ཞུའི་གསར་གཏོད་ཡག་པོ་ཡོད། བློ་བཟང་རྒྱལ་མཚན་གྱིས་བཀའ་འདྲི་ཞིབ་ཚགས་གནང་སྐབས“སློབ་སྤུན་རྒན་གྲས”ཡིན་པའི་ཁོང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལས་གཏོད་གཞོན་སྐྱེས་ཀྱིས་གསོན་ཉམས་ལྡན་པའི་ངོ་སྤྲོད་ཞུས། བློ་བཟང་རྒྱལ་མཚན་གྱིས་ལས་གཏོད་སྟེགས་བུ་ཆུང་རུང་འཛམ་གླིང་ཧ་ཅང་རྒྱ་ཆེ། མི་རབས་གསར་པའི་སློབ་ཆེན་སློབ་མས་སློབ་ཆེན་དུས་སྐབས་ལ་གཅེས་སྤྲས་བྱས་ནས་སློབ་སྦྱོང་བྱེད་རིང་མཐོར་གཏོང་ཡོང་བ་བྱེད་དགོས་ལ་ལག་ལེན་ཁྲོད་སྦྱོང་བརྡར་བྱས་ཏེ་ཏན་ཏན་ཏིག་ཏིག་དང་། གསར་གཏོད་ལས་གཏོད། ལང་ཚོའི་སྤོབས་སེམས་སྐྱེ་བ་བཅས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་མི་ཚེའི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་དགྱེས་ཚོར་ཆེན་པོའི་ངང་གསུངས་པ་རེད།

བློ་བཟང་རྒྱལ་མཚན་གྱིས་འཚམས་འདྲི་དང་། བཞུགས་མོལ། གཟིགས་ཞིབ་བཅས་གནང་བ་བརྒྱུད་རྒན་དར་གཞོན་གསུམ་གྱི་དགེ་རྒན་དང་མི་རིགས་ཁག་གི་སློབ་མ་ཚོ་དང་སྤེལ་རེས་གནང་ནས་མཐོ་སློབ་ཀྱི་སློབ་གསོའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོར་གོ་སྐབས་གསར་པ་རབ་དང་རིམ་པ་འཕྲད་རྒྱུ་རེད། བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོས་སྙིང་སྟོབས་ཆེར་བསྐྱེད་དང་གོ་སྐབས་དམ་འཛིན་བྱས་ནས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེ་མོ་འདི་ཉིད་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་བའི་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་དང་། ས་མཐོའི་ཁྱད་ལྡན་རང་བྱུང་ཚན་རིག་དང་རིག་གནས་ཕུལ་བྱུང་ཞིབ་འཇུག་རྟེན་གཞི། ལས་གཏོད་གསར་གཏོད་སྐྱོང་གསོའི་རྟེན་གཞི། བོད་དང་ནང་ས་འབྲེལ་མཐུད་ཀྱི་རིག་གཞུང་རིག་གནས་སྤེལ་རེས་རྟེན་གཞི་བཅས་སུ་བསྐྲུན་ཐུབ་རྒྱུའི་བརྩོན་ལེན་བྱེད་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་དང་ཏན་ཏིག་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་བྱེད་མཁན་གྱི་སློབ་གསོ་མཁས་ཅན་དང་སློབ་གསོ་རྟོགས་པའི་ཆབ་སྲིད་མཁས་ཅན་ཞིག་བྱས་ནས་མཐོ་སློབ་ཀྱི་ལས་དོན་ཁག་སྐས་རིམ་གསར་པར་སླེབས་རྒྱུར་ཟམ་མི་ཆད་པར་སྐུལ་མ་གཏོང་དགོས་པའི་ནན་བཤད་གནང་བ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།