ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པར་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་པེ་ཅིང་དུ་2015ལོའི《སྤྱི་པའི་ཞབས་ཞུའི་རྒྱབ་ཤ་སྔོན་པོའི་དེབ》སྤེལ་བ་རེད། ལྷ་ས་གྲོང་ཁྱེར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུར་བློ་ཡིད་ཚིམ་ཚད་རྒྱལ་ནང་གི་གྲོང་ཁྱེར་གཙོ་བོ་38ནང་ཨང་དང་པོར་སླེབས་པ་དང་། ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུར་སྤྱི་ཡོངས་ནས་བློ་ཡིད་ཚིམ་ཚད་ཀྱི་མིང་རིམ་ལོ་བཞི་བསྟུད་མར་ཨང་དང་པོར་སླེབས་པ་དང་། སྤྱི་པའི་བདེ་འཇགས་དང་། སྤྱི་པའི་འགྲིམ་འགྲུལ། སྤྱི་ཚོགས་འགན་སྲུང་ལས་ཞུགས། གྲོང་ཁྱེར་གྱི་ཁོར་ཡུག རྨང་གཞིའི་སློབ་གསོ། སྨན་བཅོས་འཕྲོད་བསྟེན། རིག་གནས་ལུས་རྩལ། གཞུང་ལས་ཞབས་ཞུ་བཅས་སྟོན་གྲངས་8ཨང་དང་པོར་སླེབས་པ་དེའི་ནང་སྤྱི་པའི་བདེ་འཇགས་ལོ་ལྔ་བསྟུད་མར་ཨང་དང་པོར་སླེབས་པ་དང་སྤྱི་པའི་འགྲིམ་འགྲུལ་དང་། སྤྱི་ཚོགས་འགན་སྲུང་ལས་ཞུགས། གྲོང་ཁྱེར་གྱི་ཁོར་ཡུག་སྟོན་གྲངས་བཅས་ལོ་བཞི་བསྟུད་མར་ཨང་དང་པོར་སླེབས་ཡོད། སྟོན་གྲངས་ཁག་གི་ཐོབ་སྐར་གྱི་རིན་ཐང་2014ལོ་ལས་ཚང་མ་འཕར་བ་དང་ལྷག་པར་དུ་སྤྱི་པའི་བདེ་འཇགས་དང་གྲོང་ཁྱེར་ཁོར་ཡུག་གི་སྐར་གྲངས་ཐོབ་ཚད་མངོན་གསལ་དོད་པོ་ཡོད་པ་རེད།

ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་པ་དང་། ལྟེ་བའི་གྲོང་ཁྱེར་གྱི་གནས་བབ་ཨང་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་གཅིག་གྱུར་བཟོ་བ་དང་། ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་བ།ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། དམངས་འཚོར་བརྟེན་ནས་གྲོང་ཁྱེར་བདེ་འཇགས་ཡོང་བ། ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་བཅས“འཐབ་ཇུས་ཆེན་པོ་དྲུག”ལག་བསྟར་གཏིང་ཟབ་བྱས་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ནན་ཏན་བྱེད་པ། གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་བཅས་རེད།

སྤྱི་པའི་འགྲིམ་འགྲུལ་ལེགས་སུ་བཏང་ཞིང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་པའི་འགྲིམ་འགྲུལ་ཚང་མར་ཁྱབ་པ་དང་། བདལ་གཏོང་རླངས་འཁོར་བཅོས་སྐྱོང་། རང་འཁོར་བོགས་གཏོང་བཅས་ལག་བསྟར་ཤུགས་ཆེན་བྱས་པ་དང་། སྤྱི་པའི་རླངས་འཁོར་འཇོག་ཐང་དང་། རྔ་ཆེན་ཟམ་ཆེན། བག་བསུ་ཟམ་ཆེན། དམངས་ཕན་རྐང་ཐང་མཁའ་ཟམ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱས་པས་གྲོང་མི་འགྲོ་འོང་དེ་བས་སྟབས་བདེ་བྱུང་ཡོད། སྤྱི་ཚོགས་དོ་དམ་གསར་གཏོད་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་བཅས་བྱས་ནས“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུ་དོ་དམ་བྱེད་སྟངས་ལ་སྐུལ་འདེད་བཏང་བ་དང་གྲོང་མིའི་བདེ་འཇགས་ཀྱི་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། སྤྱི་ཚོགས་འགན་སྲུང་ལས་ཞུགས་ལ་ཤུགས་སྣོན་བརྒྱབ་ཅིང་། “ལས་བཞིའི”འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཁྲི་8ལྷག་ཙམ་གསོ་སྦྱོང་གིས་གཞན་སྒྱུར་ལས་ཞུགས་བྱས་པ་དང་། ལས་གཏོད་ལས་ཞུགས་གསོ་སྦྱོང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། “ལས་ཞུགས་མེད་པའི”ཁྱིམ་ཚང་གི་འགྱུར་ལྡན་གཙང་བཟོ་མཐའ་འཁྱོངས་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.2%ནང་ཚུན་དུ་ཚོད་འཛིན་བྱས་པ། ཐེམ་ཁོངས་ལྷ་ས་ནས་ཡིན་པའི་ལོ་དེར་ཐོན་མཁན་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་བྱས་པ། རྒན་བཀུར་ཁང་དང་བྱིས་པའི་ཕན་བདེ་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། སྤྱི་ཚོགས་འགན་སྲུང་ཚང་མར་ཁྱབ་པའི་འདུ་འགོད་ལག་བསྟར་བྱས་པ། མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱས་པ་བཅས་རེད། གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་བཏང་ཞིང་། རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་སྒོ་ནས་བཏོད་པ་དང་ཕྱོགས་18ཐད་ཀྱི་གྲོང་ཁྱེར་གྱི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་། “རི་སྟེང་དུ་ཤིང་འཛུགས”དང་། “ཆུ་བོ་མཚེའུར་འགྱུར་བ” “དུད་ཚང་དྲོ་བ”བཅས་ཀྱི་འདུ་འགོད་དང་གྲོང་ཁྱེར་གྱི་མཛེས་ལྗོངས་བཀྲག་མདངས་ཆེ་བའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པས་གྲོང་ཁྱེར་གྱི་ཁོར་ཡུག་དེ་བས་མཛེས་སུ་ཕྱིན་ཡོད། རྨང་གཞིའི་སློབ་གསོ་བརྟན་དུ་བཏང་ཞིང་། སློབ་གསོའི་སྒྱུར་བཅོས་དང་སློབ་ཁྲིད་སྤུས་ཀ་དར་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པས་གྲོང་ཁྱེར་དང་། རྫོང་(ཆུས) ཤང་བཅས་རིམ་དབྱེའི་སློབ་གཉེར་བྱེད་སྟངས་ཆགས་པ་དང་སློབ་ཁྲིད་ཀྱི་ཆུ་ཚད་ཡོངས་ཁྱབ་ངང་མཐོ་རུ་ཕྱིན་པ། ལྷ་སའི་སློབ་གསོ་གྲོང་གི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་མིག་སྔར་སློབ་གྲྭ་10ལྷག་ཙམ་སྤྱོད་འགོ་ཚུགས་པ། འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་སུ་བཏང་ནས་བེད་སྤྱོད་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རྟེན་གཞིར་གྱུར་པ། “སྒྲིག་ཁོངས་ལམ་ལུགས”ཀྱི་སློབ་གསོའི་བོད་སྐྱོར་བྱེད་སྟངས་སྔོན་ལ་ལག་བསྟར་བྱས་པ་དང་། པེ་ཅིང་དང་ཅང་སུའུ་ཡི་སློབ་གསོའི་ཐོན་ཁུངས་དང་དགེ་རྒན་རྩེ་གྲ་ནང་འདྲེན་བྱས་ནས་རྨང་གཞིའི་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ། སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་བཏང་ཞིང། སྔོན་ལ་སྨན་བཅོས་དང་རྗེས་སུ་རྩིས་རྒྱག་པ་དང“གཅིག་འཐུས་རྣམ་པའི་གཱ”ཡི་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་བ། ལོ་0ནས་6བར་དང་དེ་བཞིན་ལོ་45ཡན་གྱི་གྲོང་མི་དང་དེ་བཞིན་གྲྭ་བཙུན་ཚོའི་གཟུགས་པོར་རིན་མེད་ངང་བརྟག་དཔྱད་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བརྟག་དཔྱད་བྱས་ཚད་99.9%ཟིན་པ། སྨན་རྫས་ཀྱི་ཁྱད་ཚད་མེད་པའི་བྲིན་ཚོང་ཚང་མར་ཁྱབ་ཐུབ་པ་བྱུང་བ། “ཚོགས་སྒྲིག་རྣམ་པའི”འཕྲོད་བསྟེན་བོད་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་པ་དང་། ཆ་སྒྲིག་རོགས་སྐྱོར་གྱི་ལམ་སྲོལ་བཙུགས་པ། རྒྱང་རིང་སྨན་བཅོས་ལག་རྩལ་ཁྱབ་གདལ་བཏང་བ། སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་བཅས་རེད། རིག་གནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་བཏང་ཞིང་།སྤྱི་པའི་རིག་གནས་ཞབས་ཞུ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས་རླུང་འཕྲིན་དུད་ཚང་ཚང་མར་ཁྱབ་པ་དང་། གྲོང་གསེབ་ཀྱི་དཔེ་དེབ་ཁང་ཚང་མར་ཁྱབ་པ། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་འཕེལ་རྒྱས་ཆེན་པོ་བྱུང་བ། མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་བཅས་བྱུང་བ། སྤྱི་པའི་རིག་གནས་ལག་བསྟར་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་ལྷ་སའི་རིག་གནས་ལུས་རྩལ་ལྟེ་གནས་དང་། གཡག་རྟེན་མཛོད་གླིང་། བདེ་སྐྱིད་ནོར་བུའི་བྱིས་པའི་སྐྱེད་ཚལ། མང་ཚོགས་སྒྱུ་རྩལ་ཁང་བཅས་བསྐྲུན་པ། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་གསར་གཏོད་གླིང་ཁུལ་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང《འུན་ཤིང་ཀོང་ཇོའི》དངོས་ལྗོངས་ཟློས་གར་གྲུབ་འབྲས་ཐོབ་པའི་སྒོ་ནས་བཏོན་པ། གྲོང་ཁུལ་རྙིང་པ་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་པ་དང་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་བཤམས་སྟོན་ཁང་དང་དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་གསར་དུ་བསྐྲུན་པ། ལྷ་སའི་ས་གཙང་ལན་ཆིའུ་སྤོ་ལོའི་འདུ་ཚོགས་ཁང་དང་། རྐང་རྩེད་སྤོ་ལོའི་འདུ་ཚོགས་ཁང་། ལྷ་སའི་མིག་མངས་ཁང་སོགས་བཙུགས་པས་ལྷ་སའི་ཁྱད་ལྡན་རིག་གནས་ལུས་རྩལ་ལ་དེ་བས་ཤུགས་རྐྱེན་ནུས་པ་ལྡན་པར་གྱུར་ཡོད། གཞུང་ལས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་མང་དུ་བཏང་བ་དང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་བཙུགས་པ། ལས་ཁུངས་ཀྱི་ནུས་ཕྱོད་འཛུགས་སྐྱོང་བྱས་པ་དང་སྲིད་འཛིན་ཞིབ་མཆན་འགོད་པའི་གོ་རིམ་སྟབས་བདེ་རུ་བཏང་བ། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཏང་སྐྱོང་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་བསྟུད་མར་སྤེལ་བ་བཅས་བྱས་པས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་ལེགས་སུ་བཏང་ཞིང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་གཙོ་གནད་དུ་བྱས་པའི་ཡོང་འབབ་དམའ་བའི་སྡོད་ཁང་འགན་སྲུང་མ་ལག་རྩ་བའི་ཆ་ནས་ཆགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་33ཟིན་ནས་མང་ཚོགས་ཀྱི་སྡོད་ཁང་དགོས་མཁོ་ཅུང་ལེགས་ཙམ་སྐོང་ཡོད་པ་བཅས་སོ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།