འདི་ནི་བློ་བཟང་རྒྱལ་མཚན་གྱིས་ངལ་རྩོལ་དཔེ་བཟང་བའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲོང་མི་ཚོས་དགའ་སྤྲོ་འཁོལ་བའི་ངང་གནམ་ལོ་གསར་ཚེས་གཏོང་སྐབས་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་ལས་སྒྲུབ་དཔོན་དམག་ཚོས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ནས་ཡུལ་ལུང་གི་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད། ཟླ1པའི་ཚེས1ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་འཚམས་འདྲི་བྱེད་སྒོའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་། ལྷ་ས་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ། པོ་ཏ་ལ་ཐང་ཆེན་བཅས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱེད་བཞིན་པའི་ལས་བྱེད་ལས་བཟོ་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་སྦྲགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ རང་སྐྱོང་ལྗོངས་འཚམས་འདྲིའི་བྱེད་སྒོའི་སྤྱི་ཁྱབ་ཚོགས་པ་བཅས་ཀྱི་ཚབ་ཞུས་ནས་བློ་མཐུན་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།

རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་བློ་བཟང་རྒྱལ་མཚན་གྱིས་ལས་རེས་བྱེད་མཁན་ཚོར་བྱམས་བརྩེའི་ཕྱག་བཏང་གནང་ནས་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་བཟང་པོ་ཞུས་པ་མ་ཟད་ད་དུང་བརྙན་ལམ་བཀོད་འདོམས་མ་ལག་བརྒྱུད་དེ་དུས་ཆེན་སྐབས་སུ་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱེད་བཞིན་པའི་ལྗོངས་ཡོངས་ཀྱི་ལས་དོན་མི་སྣ་ཚོར་བྱམས་བརྩེའི་འཚམས་འདྲི་ཡང་ཞུས་པ་རེད།

བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། འཕེལ་རྒྱས་དང་བརྟན་ལྷིང་ནི་བོད་ཀྱི་ལས་དོན་གྱི“གཞུང་ཐིག་དང་འཕྲེད་ཐིག”ལྟ་བུ་ཡིན་ལ། ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན། དེར་བརྟེན་བློ་མཐུན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་དམིགས་ནས་བཟོས་པའི་ལག་བསྟར་ནུས་པ་ཐོན་པའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་། ལྡབ་བརྒྱའི་འབད་འབུངས། ཞིབ་ཕྲའི་བྱེད་ཐབས་བཅས་ལ་བརྟེན་ནས་སྤྱི་ཚོགས་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས། གཅིག་ནས་ངོས་འཛིན་གསལ་པོ་བྱེད་དགོས། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཧུར་ཐག་བྱས་ཐོག་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་རྩ་བ་དེ་དུས་དང་རྣམ་པ་ཀུན་ཏུ་དམ་པོར་བཟུང་ནས་བསམ་བློར་ལྷོད་གཡེང་མི་གཏོང་བ་དང་བྱེད་ཐབས་ཁག་མི་བསྐྱུར་བའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཏན་ཏན་ཏིག་ཏིག་གིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གཉིས་ནས་འགན་འཁྲི་ཡག་པོ་འཁུར་དགོས། དམ་ནན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག་ནན་ཏན་བྱེད་དགོས་པ་དང་། ལྷག་པར་ཏུ་གཞི་རིམ་ནས་དམ་འཛིན་བྱས་ཐོག་གཞི་རིམ་རྩ་འཛུགས་ཁག་གི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྩིག་དགོས། གསུམ་ནས་བྱེད་ཐབས་ཡག་པོ་བཟོ་དགོས། སྔ་ས་ནས་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱེད་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། སྟོང་གསང་ཁུག་གསུམ་མི་ལུས་པའི་འགན་ལེན་བྱེད་པ། ཏན་ཏན་ཏིག་ཏིག་དང་། ཞིབ་ཅིང་ཕྲ་བ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ཐོབ་དཀའ་བའི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ། ལྗོངས་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུའི་འགན་ལེན་བྱས་ནས་མགྱོགས་མྱུར་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

སླར་ཡང་གནས་ཚུལ་འབྱོར་གསལ། གནམ་ལོ་གསར་ཚེས་རིང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་2016ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་འཚམས་འདྲིའི་བྱེད་སྒོའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་ངལ་རྩོལ་དཔེ་བཟང་བའི་འཐུས་མི་དང་། དཀའ་ངལ་ཡོད་པའི་ལས་བཟོ། ལས་འཁྱུར་ངལ་གསོ་བརྒྱབ་པའི་བཟོ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཟིགས་སྐྱོང་བྱ་ཡུལ། དཀའ་ངལ་ཡོད་པའི་དུད་ཚང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་དུས་ཆེན་གྱི་རྟེན་འབྲེལ་ཞུས་གནང་བ་མ་ཟད་ཁོང་ཚོ་བརྒྱུད་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལའང་དུས་ཆེན་གྱི་རྟེན་འབྲེལ་ཞུས་གནང་བ་རེད།

“བཀྲ་ཤིས་བདེ་ལེགས”རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སུ་ཕེབས་རྗེས་བློ་བཟང་རྒྱལ་མཚན་གྱིས་དེ་གར་བཞུགས་པའི་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་འཐུས་མི15ལ་རེ་རེ་བཞིན་ཕྱག་བཏང་གནང་ནས་བྱམས་བརྩེའི་འཚམས་འདྲི་གནང་རྗེས་ངལ་རྩོལ་དཔེ་བཟང་བ་སོ་སོའི་ལས་ཀའི་ལོ་རྒྱུས་དང་ཁྱིམ་ཚང་དང་འཚོ་བའི་གནས་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་དུས་ཆེན་གྱི་རྟེན་འབྲེལ་ཞུས་གནང་བ་རེད།

རྔ་ཆེན་ལམ་གྱི་དགའ་སྐྱིད་ཁུལ་ཆུང་ནི་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ཁེ་ལས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོའི་མཉམ་ལས་རྣམ་གྲངས་ཤིག་ཡིན། ཁྱོན་སྡོད་ཁང750ལྷག་ཙམ་ཡོད་པའི་ནང་མིག་སྔར་དུད་ཚང300ལྷག་ཙམ་སྤོས་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད་འབྲེལ་ཡོད་འགན་འཁུར་བར་བཀོད་སྒྲིག་དམ་འཛིན་གྱིས་བྱ་བ་ཡག་པོ་ལེགས་སྒྲུབ་བྱས་ནས་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གོང་དུ་ཚང་མ་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པ་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་དུ་འཇུག་དགོས་ཞེས་ནན་མངགས་གནང་བ་དང་། དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་དཀའ་ངལ་ཡོད་པའི་ལས་བཟོ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བཟོ་པ་ཚོའི་འཁྲིས་སུ་ཕེབས་ནས་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་ངང་སྡོད་ཁང་གསར་པའི་ནང་སྤོས་རྗེས་ཀྱི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་ལས་བཟོར་དོ་ཁུར་ཆེན་པོ་བྱས་ནས་འཚོ་བའི་འགན་ལེན་ཚད་གཞི་ཐེངས་མང་པོ་མཐོ་རུ་བཏང་བ་མ་ཟད་ད་དུང་དཀའ་ངལ་ཡོད་པའི་ལས་བཟོའི་སྡོད་ཁང་གནད་དོན་རྦད་དེ་ཐག་གཅོད་བྱེད་རྒྱུའི་ཐག་བཅད་ཡོད་ཅེས་གསུངས་པ་རེད།

ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་སུ་བློ་བཟང་རྒྱལ་མཚན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཟིགས་སྐྱོང་བྱ་ཡུལ་དང་། དཀའ་ངལ་ཡོད་པའི་དུད་ཚང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་ཁོང་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་དབུལ་པོར་གུད་སྐྱོབ་དང་ཉམ་ཆུང་ལ་རོགས་སྐྱོར་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན། དུས་ཡུན་རིང་པོར་ཏང་དང་སྲིད་གཞུང་གིས་ཚང་མའི་ལས་དོན་དང་འཚོ་བར་དོ་སྣང་ཆེན་པོ་བྱས་ནས་ལམ་ལུགས་རབ་དང་རིམ་པ་བཏོན་པ་མ་ཟད་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ནས་ཚང་མའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དེར་བརྟེན་ཚང་མས་ཡིད་ཆེས་བརྟན་པོ་བཅངས་ནས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་ནས། ཏང་གི་སྲིད་ཇུས་ཡག་པོའི་འོག་སོ་སོའི་འབད་འཐབ་དང་བློ་གྲོས་འདོན་སྤེལ་བྱས་ཏེ་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་དང་། རིམ་ཁག་སྡེ་ཚན་ཁག་གིས“ནན་གསུམ་དྲང་གསུམ”དང་མང་ཚོགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རེ་འདོད་ཚང་མ་བསྒྲུབས་ཏེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་དོ་ཁུར་ལ་བརྟེན་ནས་མི་ཚང་མར་ཕན་པ་འདོགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།