ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ཐུགས་རྗེ་ཆེ། ངས་ཁྱེད་ཚོའི་ཟོལ་མེད་ཀྱི་རོགས་རམ་དག་མངའ་རིས་ས་ཁུལ་གྱི་ཕྲུ་གུ་རྣམས་ལ་བཤད་དེ་ཁྱེད་ཚོར་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ཡིན། ཁྱེད་རྣམས་བྱ་བ་ལམ་ལྷོངས་ཡོང་བར་ཤོག”ཅེས་ཟླ་བ་ལྷ་མོས་མིག་ཟུང་མཆི་མས་བརླན་བཞིན་དེ་ལྟར་བཤད།

ཟླ་12ཚེས་11ཉིན་གྱི་ཆུ་ཚོད་20དང་སྐར་མ་30ཙམ་ལ་གཞིས་རྩེ་ནས་ལྷ་སར་གཏོང་བའི་མེ་འཁོར་ཨང་རྟགས་Z8802ལྷ་སའི་བབས་ཚུགས་སུ་འབྱོར། འཁོར་སྒྲོམ་བཞི་པའི་ཞབས་ཞུ་བ་ཀྲོའུ་རུན་ཆིན་གྱིས་རྒྱུན་གཏན་ལྟར་མེ་འཁོར་ནས་འབབ་པའི་འགྲུལ་པར་རྡོག་མཁྲེས་ཡག་པོ་འཁུར་དགོས་པ་དང་འབབ་དུས་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས།

མཐའ་མཇུག་གི་འགྲུལ་པ་འཁོར་སྒྲོམ་ནས་བབས་རྗེས་ཀྲོའུ་རུན་ཆིན་གྱིས་འཆར་ཅན་བཞིན་འཁོར་སྒྲོམ་གྱི་བདེ་འཇགས་ལ་ལྟ་ཞིབ་བྱེད་པ་དང་ཉལ་ཁྲི་ཨང་དྲུག་པའི་འཁྲིས་སུ་སླེབས་སྐབས། མལ་ཆས་འོག་ནས་སྒྲོག་གུ་ནག་པོ་ཞིག་མཐོང་ནས་མལ་ཆས་ཕྱེ་སྐབས་འགྲུལ་པའི་ལྟོ་ཕད་ནག་པོ་ཞིག་ལུས་པ་ཤེས།

ཀྲོའུ་རུན་ཆིན་གྱིས་འཕྲལ་མར་ལྟོ་ཕད་དེ་ཁྱེར་ནས་བབས་ཚུགས་ཀྱི་དོན་སར་རྒྱུག་ཞོར“མེ་འཁོར་ནང་ལྟོ་ཕད་ལུས་འདུག་པས་འགྲུལ་པ་སུའི་ཡིན་ནམ”ཞེས་ཐེངས་བདུན་བརྒྱད་ཙམ་སྐད་བརྒྱབ་ཀྱང་ལན་འདེབས་མཁན་མ་བྱུང་། གནས་ཚུལ་ཐོས་ནས་རྒྱུག་ཡོང་བའི་མེ་འཁོར་གྱི་འགན་འཛིན་ཝང་ཐེ་ཧྲན་ཡོང་ནས་ཞིབ་ཕྲ་དྲིས་རྗེས་མེ་འཁོར་གྱི་ཉེན་རྟོག་པ་ཅིང་ཧའེ་ཆང་ལ་བཤད། ཁོང་ཚོས་ལྟོ་ཕད་སྔོག་སྐབས་དེའི་ནང་གྱོན་ཆས་འགའ་དང་འཁྲུས་ཆས་དང་ཟས་ཙག་ཙིག་ཕུད། ད་དུང་ལག་ཁྱེར་ཀློག་ཀླད་དང་སློབ་ཆུང་སློབ་དེབ་ཅིག་བར་དུ་བཅུག་ཡོད་པ་དང་། ལྟོ་ཕད་ཀྱི་མཐིལ་དུ་ཚགས་པར་གྱིས་གཏུམས་པའི་འགྱིག་སྣོད་ནང་ཅིག་ཡོད་པ་ཁ་ཕྱེ་སྐབས་བརྒྱ་ལོར་ཆག་པ་གསུམ་བསྡམས་པ་ཁྱོན་སྒོར་ཁྲི་གསུམ་ཧྲིལ་ཧྲིལ་ཡོད་པ་མཐོང་སྐབས་ཚང་མ་ཧང་སངས་པར་གྱུར།

ཅ་དངོས་རྩིས་བཤེར་བྱས་རྗེས་ཝང་ཐེ་ཧྲན་གྱིས་འགྲུལ་སྐྱེལ་ཐོ་འགོད་རེའུ་མིག་བྲིས་ནས་ཅིང་ཧའེ་ཆང་དང་མཉམ་དུ་ལྟོ་ཕད་དེ་ལྷ་སའི་བབས་ཚུགས་ཀྱི་ལས་རེས་ཁང་ལ་སྤྲད་དེ་བབས་ཚུགས་ཀྱི་ལས་རེས་དང་རྩིས་སྤྲོད་ཡག་པོ་བྱས།

ལས་རེས་ཁང་ནས་ཐོན་སྐབས། ཝང་ཐེ་ཧྲན་གྱིས་ཅ་དངོས་བོར་བའི་བདག་པོར་གཏན་གཏན་སེམས་ཁྲལ་ཆེ་བས་ཐབས་ཤེས་བཏོན་ནས་བདག་པོ་དང་འབྲེལ་བ་ཡོང་ཐབས་བྱེད་དགོས་སྙམ་ཡང་། ལྟོ་ཕད་ནང་གི་ཅ་དངོས་སྣེ་གཅིག་གིས་ཀྱང་བདག་པོ་དང་འབྲེལ་བ་བྱེད་མི་ཐུབ། དེའི་ཚེ་ཀྲོའུ་རུན་ཆིན་ཡོང་ནས“ངེད་ཚོས་ཐ་མའི་ཐབས་ཤེས་ཏེ་བབས་ཚུགས་ཀྱི་འཛུལ་སར་བསྒུགས་ནས་བསྡད་ཚེ་གཏན་གཏན་ལེན་པར་ཡོང་གི་རེད”ཅེས་བཤད།

ཆུ་ཚོད་22ཏག་ཏག་ལ་ཝང་ཐེ་ཧྲན་དང་ཀྲོའུ་རུན་ཆིན་གྱིས་ཆུ་ཚོད་གཅིག་ལྷག་ཙམ་བསྒུགས་ནས་ལོག་ལ་ཉེ་བའི་སྐབས། བོད་རིགས་བུ་མོ་ཞིག་གློ་བུར་དུ་ཁོང་གཉིས་ཀྱི་མིག་ལམ་དུ་གསལ་བ་དང་། བུ་མོ་དེས་ལས་གོས་གྱོན་པའི་ལྕགས་ལམ་གྱི་ལས་དོན་པ་མཐོང་རིམ་བཞིན་སྐད་ཆ་གསལ་ལ་མི་གསལ་ཞིག་བཤད་ལ་མིག་ཡང་ཡང་འཕྱི་བཞིན་ཡོད།

མི་རིང་བར་བུ་མོ་དེས་ཝང་ཐེ་ཧྲན་དང་ཀྲོའུ་རུན་ཆིན་མཐོང་ནས་གོམ་སྟབས་མགྱོགས་པོས་ཉེ་བར་བཅར་ཏེ། “ཨ་ཁུ་ལགས། ངའི་ལྟོ་ཕད་ཅིག་མེ་འཁོར་ནང་ལུས་འདུག ཁྱེད་ཚོས་གཟིགས་བྱུང་ངམ”ཞེས་བཤད། ད་གིན་སློབ་ཆུང་སློབ་དེབ་མཐོང་བའི་ཝང་ཐེ་ཧྲན་གྱིས“ཁྱེད་དགེ་རྒན་ཡིན་ནམ”ཞེས་དྲིས་པར་བུ་མོ་དེས། “ཡིན། ང་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་སློབ་ཆུང་ཞིག་གི་དགེ་རྒན་ཡིན། ངའི་མིང་ལ་ཟླ་བ་ལྷ་མོ་ཟེར། ཨ་ཁུ་ལགས། དེ་ནི་ངའི་དགེ་རྒན་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར་ཡིན། ཁྱེད་ཚོར་ངའི་ལྟོ་ཕད་རྙེད་བྱུང་ངམ”ཞེས་དྲིས།

ཝང་ཐེ་ཧྲན་གྱིས་ཆ་འཕྲིན་དེ་ཙམ་ལ་བརྟེན་ནས་མིག་མདུན་གྱི་བོད་རིགས་བུ་མོ་དེ་ལྟོ་ཕད་དེའི་བདག་པོ་ཡིན་པ་ཐག་མི་ཆོད་སྙམ་ནས། “ལྟོ་ཕད་ནང་ཅ་དངོས་གང་ཡོད་དམ”“དེའི་ནང་ལག་ཁྱེར་ཀློག་ཀླད་ཅིག་ཡོད། ལན་ཞང་རྟགས་ཅན་ཡིན། ད་དུང་སློབ་ཆུང་གི་སློབ་དེབ་འགའ་དང་གྱོན་ཆས་དང་བཟའ་ཆས་ཡོད”ཅེས་བཤད་པར་ཝང་ཐེ་ཧྲན་གྱིས“ད་དུང་གང་ཡོད་དམ”ཞེས་དྲིས་པར་ཁོ་མོས་ཕྱོགས་བཞིར་ལྟ་ཙམ་གྱིས་སྐད་ཤུགས་ཆུང་ངུའི་ངང“ད་དུང་དངུལ་སྒོར་ཁྲི་གསུམ་ཡོད”ཅེས་བཤད། དེ་ནས་བུ་མོ་དེས“དངུལ་དེ་དག་སྤུ་ཧྲེང་རྫོང་གི་ཕྲུ་གུའི་དགུན་ཆས་ཉོ་བྱེད་ཡིན། དེ་དག་ངའི་སློབ་ཆེན་གྱི་སློབ་གྲོགས་དང་། རོགས་པ། རོགས་པའི་རོགས་པ་བཅས་ཀྱིས་ཞལ་འདེབས་བརྒྱབ་པ་རེད། ང་ལྷ་སར་ཕྲུ་གུ་རྣམས་ཀྱི་དགུན་ཆས་ཉོ་བར་ཡོང་བ་ཡིན། དངུལ་བརླགས་ཚེ་ཕྲུ་གུ་རྣམས་དགུན་ཁར་ཇི་འདྲ་བྱེད་དགོས་སམ”ཞེས་ངུ་བཞིན་དུ་བཤད།

བབ་ཆགས་པའི་བོད་རིགས་བུ་མོ་དེར་བལྟས་ནས་ཝང་ཐེ་ཧྲན་གྱིས“བུ་མོ་ངུ་མི་དགོས། ང་དང་མཉམ་དུ་འགྲོ”ཞེས་བཤད་དེ་ལྷ་སའི་བབས་ཚུགས་ཀྱི་ལས་རེས་ཁང་དུ་བསྐྱོད། སྒོ་འཛུལ་མ་ཐག་ལྷ་མོས་སྒྲོག་ཙེའི་སྟེང་དུ་བཞག་པའི་ལྟོ་ཕད་མཐོང་འཕྲལ་དགའ་ངུ་ཤོར་བ་དང་ཆབས་ཅིག་ལྟོ་ཕད་པང་ཁར་དམ་པོར་བཟུང་། ལྟོ་ཕད་ཁྱེར་ནོར་མི་ཤོར་བའི་ཆེད། མེ་འཁོར་གྱི་ཉེན་རྟོག་པས་ལྟོ་ཕད་ནང་གི་ཅ་དངོས་རེ་རེ་བཞིན་ལྷ་མོ་དང་ཞིབ་བསྡུར་བྱས་ནས་འབྲེལ་ཡོད་འགྲོ་ལུགས་གཉེར་ཞིང་། དེའི་ཚེ་ཀྲོའུ་རུན་ཆིན་ལ་ལྟོ་ཕད་རྙེད་ནས་སྐར་མ་110ཕྱིན་ཡོད་པ་རེད།

ཉིན་དེའི་དགོང་མོའི་ཆུ་ཚོད་22དང་སྐར་མ་40ཡི་ཐོག་ཟླ་བ་ལྷ་མོས་ལྟོ་ཕད་ཁྱེར་ནས་འཛུམ་དམུལ་དམུལ་ངང་མེ་འཁོར་ཨང་རྟགས་Z8802ཀྱི་ཞབས་ཞུ་བ་དང་ཁ་གྱེས། མི་རིང་བར་མངའ་རིས་སྤུ་ཧྲེང་རྫོང་གི་ལོ་དགུའི་འོས་འགན་ལམ་ལུགས་སློབ་ཆུང་གི་སློབ་ཕྲུག་རྣམས་དྲོ་སོབ་སོབ་ཀྱི་དགུན་ཆས་གྱོན་ནས་སློབ་ཚན་ཉན་པར་འགྲོ་ངེས་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།