ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས12དང13ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ་རེད། ཚོགས་འདུའི་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་འཚོགས་པ་དེས་ལྗོངས་ཡོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྲལ་མར་འཕྱུར་བ་རེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་འབྱུང་འགྱུར་གྱི་ལོ་ལྔའི་རིང་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་གང་ཞིག་ཡོང་མིན་ཐད་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གང་མགྱོགས་བྱ་སྤྱོད་སྤེལ་ནས་རང་འཁྲིའི་ལས་ཀར་གཞི་བཙུགས་ཏེ་ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྱང་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ཐབས་དང་ཇུས་ཧུར་ཐག་འདོན་གྱི་ཡོད་པ་རེད།

ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྐོར་གླེང་སྐབས་རྒྱུན་དུ་སྐད་ཆ་མང་པོ་མེད་ལ་རྒྱ་སྐད་ཀྱང་མི་ཤེས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་གྲོང་ལྷན་གྱི་གྲོང་མི་རྒན་མོ་མཚམས་གཅོད་ཀྱིས“གཉིས་ལྡན་དུད་སྦྲེལ”སྤྱི་མིའི་སྐད་སྒྱུར་བརྒྱུད་ཁོང་གི་འབྱུང་འགྱུར་ལོ་5རིང་གི་རེ་བ་ཆེ་ཤོས་ནི་ཚ་བོ་སློབ་ཆེན་དུ་བདེ་བླག་ངང་ཚུད་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་གསར་འགོད་པར་བཤད།

ལོ་དྲུག་ཅུ་ཙམ་ལ་སླེབས་པའི་རྒན་མོ་མཚམས་གཅོད་དང་། བུ་མོ། ཚ་བོ་བཅས་ནང་མི་གསུམ་སྨི་ངོས་གྲུ40ལྷག་ཙམ་གྱི་གཞུང་གི་བོགས་གཏོང་ཁང་པའི་ནང་སྡོད་ཀྱི་ཡོད། ཁོང་གི་རྐང་པ་ཐང་པོ་དེ་ཙམ་མི་རུང་རྒྱུན་དུ་ཁྱིམ་ཚང་ནང་བསྡུ་གསོག་གཙང་མ་རྒྱག་གི་ཡོད། ཁོང་གི་བུ་མོ་རིག་གནས་ཆུ་ཚད་མཐོ་པོ་མེད་པ་དང་ལག་རྩལ་སྣེ་གཅིག་ཀྱང་མི་ཤེས་པའི་དབང་གིས་ལྷ་སའི་ནུབ་འདབས་ཀྱི་ཟ་ཁང་ཞིག་ནང་ཞབས་ཞུ་མ་བྱེད་ཀྱི་ཡོད་པ་དང་བུ་མོའི་གླ་ཆ་ཕུད་ནང་མི་ཚང་མའི་འཚོ་བ་སྲིད་གཞུང་གིས་ཟླ་རེར་སྤྲད་པའི་རོགས་དངུལ་ལ་བརྟེན་དགོས་ཀྱི་ཡོད། རྒན་མོའི་རེ་བ་ཆེ་ཤོས་ནི་ད་ལྟ་སློབ་འབྲིང་ལ་འགྲོ་བཞིན་པའི་ཚ་བོ་སློབ་གྲྭ་ཆེ་མོ་ཡག་པ་ཞིག་ཏུ་རྒྱུགས་འཕྲོད་ནས་སློབ་སྦྱོང་བྱས་པར་འབྲས་བུ་ཐོན་ནས་བདེ་བླག་ངང་ལས་ཀར་ཞུགས་ཏེ་ཁྱིམ་གྱི་དབུལ་པོའི་ཞྭ་མོ་ཕུད་ཐུབ་པ་བྱེད་རྒྱུ་དེ་ཡིན་ཞེས་བཤད།

གསར་འགོད་པས་རྒན་མོར་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་ལྗོངས་ཡོངས་ཀྱི་དབུལ་པོའི་མི་འབོར་ཁྲི69ཚང་མ་དབུལ་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་དང་འབྱུང་འགྱུར་ལོ5རིང་ཁོང་ཚོའི་ཁྱིམ་གྱི་འཚོ་བ་ལའང་འགྱུར་ལྡོག་དེ་བས་ཆེན་པོ་ཡོང་ངེས་རེད་ཅེས་བཤད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་ལོ་5ཡིན། རང་ལྗོངས་ཀྱི་ངོས་ནས་བརྗོད་ན་དབུལ་པོའི་མི་འབོར་ཁྲི69དབུལ་སྒྲོལ་ཐུབ་པ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་པོ་ཡོད། རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་དགོས་པ་ནི་དཔལ་འབྱོར་ཙམ་མིན་པར་སྤྱི་ཚོགས་ཀྱི་ཕྱོགས་གང་ས་ཅི་ཐད་ནས་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད་པ་དེའི་ནང་གི་ཕྱོགས་གཅིག་ནི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་ཡོང་ཚད་དེ་ཡིན་པས་གལ་ཏེ་བདེ་ཐང་གི་གཟུགས་པོ་ཞིག་མེད་ན་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཞིག་མིན།

རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་འགན་ཁུར་མི་སྣས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་གྱི་དྲ་མིག་མ་ལག་འཛུགས་སྐྲུན་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་སྨན་བཅོས་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཅན་དུ་བརྟན་པོའི་ངང་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཡུལ་ནད་དང་འགོ་ནད་འགོག་བཅོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་བྱ་གཞག་གི་འཕྲལ་སྡོམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འཕྲོད་བསྟེན་ཆ་འཕྲིན་ཅན་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་རོགས་སྐྱོར་ཧུར་ཐག་བྱེད་པ། ཁ་གཏད་རོགས་སྐྱོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་ཀྱིས་རྐྱེན་པས་སླར་ཡང་དབུལ་པོར་གྱུར་བའི”རྣམ་པ་ཞི་ལྷོད་དུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་ཚད་གཞི་སྔར་བས་མཐོ་རུ་བཏང་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།