ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ནི“དྲུག་ལྔ་ཁྲིམས་ལུགས་ཁྱབ་གདལ་”ཡི་ལས་དོན་སྤེལ་མཇུག་འགྲིལ་བའི་ལོ་ཞིག་རེད། ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བར། “དྲུག་ལྔའི་ཁྲིམས་ལུགས་ཁྱབ་གདལ”ལས་དོན་སྤེལ་རིང“ཁྲིམས་ལུགས་གཤམ་སྤེལ་བདུན”གྱི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་དང་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་བཏང་ཡོད་པ་རེད།

ལས་ཁུངས་སུ་སྤེལ་རྒྱུའི“བཅའ་ཁྲིམས་གཤམ་སྤེལ”བྱེད་སྒོ་དང“ནན་གསུམ་དྲང་གསུམ”བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོའི་བྱེད་སྒོ་གཉིས་ཟུང་འབྲེལ་བྱས་པའི་ཁར“ཕྱོགས་ཡོངས”ཞེས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁྲིམས་ལུགས་སློབ་སྦྱོང་ཁྱོན་ཡོངས་ནས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ནན་གསུམ་དྲང་གསུམ”གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་གོ་སྐབས་སུ་བརྩིས་ཏེ་བཅའ་ཁྲིམས་སློབ་སྦྱོང་དང་བཅའ་ཁྲིམས་བེད་སྤྱོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་བཅའ་ཁྲིམས་སློབ་སྦྱོང་དང་བཅའ་ཁྲིམས་བེད་སྤྱོད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཞིང་། རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་ལས་དོན་པས་བཅའ་ཁྲིམས་སློབ་སྦྱོང་དང་བཅའ་ཁྲིམས་བེད་སྤྱོད་བྱ་རྒྱུ་རྒྱུན་རྣམ་ཅན་དང་གཅིག་སྡུད་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། 2013ལོར་ལྗོངས་ཡོངས་ཀྱིས་རྫོང(ཁྲུའུ)རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་བཅའ་ཁྲིམས་ཤེས་བྱ་རྒྱུགས་ལེན་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་པ་དང་། རྒྱུགས་ལེན་ནང་ཞུགས་པའི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཁྱོན8338ཟིན་པ། རྒྱུག་ལོན་ཚད་99%ཟིན་ཡོད་པ་རེད།

གྲོང་གསེབ་ཏུ“བཅའ་ཁྲིམས་གཤམ་སྤེལ”བྱེད་སྒོ་སྤེལ་རྒྱུ་དང་གྲོང་གསེབ་ཀྱི་དོ་དམ་ལས་དོན་སྤེལ་སྟངས་གསར་གཏོད་བྱ་རྒྱུ་གཉིས་ཟུང་འབྲེལ་བྱས་པའི་ཁར“གཏིང་ཟབ་པོ”ཞེས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། རང་སྐྱོང་ལྗོངས་ཀྱིས་ཁག་བཞི་ཡི་ལས་དོན་རུ་ཁག་5464དང་ལས་བྱེད་པ་ཁྲི་2ལྷག་ཙམ་གཞི་རིམ་དུ་སྔ་རྗེས་སུ་བཏང་བ་དང་གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་ལས་འགན་ལྔ་ལ་དམ་པོར་དམིགས་ཏེ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་གཞི་རིམ་དུ་ཁྲིམས་སྐྱོང་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད། བསྡོམས་རྩིས་ལྟར་ན། ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་ཁྲི་10ལྷག་ཙམ་སྤེལ་བ་དང་། དྲིལ་བསྒྲགས་ཡིག་རིགས་ཁྲི་400ལྷག་ཙམ་སྤྲད་པ། མང་ཚོགས་ཁྲི་200ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་གཞན་ཡང་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་རྩོམ་སྒྱུར་དང་པར་འགྲེམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། 2013ལོའི་ཚུན་དུ་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་མ་དངུལ་སྒོར་ཁྲི་130བཏང་བའི་ཁར་ཆེད་དོན་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ《ཞིང་འབྲོག་པའི་བཅའ་ཁྲིམས་ཤེས་བྱའི་སྐོར་གྱི་སློབ་དེབ》(བོད་རྒྱ་ཡིག་རིགས་གཉིས)དང《བརྒྱུད་ཚོང་བྱེད་སྒོ་དང་། ཡིད་རྟོན་གཱ་ལ་བརྟེན་ནས་ཁ་བསླུས་རྒྱག་པ། ཆོས་ལོག བུད་མེད་དང་བྱིས་པ་བསླུ་ཚོང་བཅས་ཀྱི་བྱེད་སྤྱོད་ལ་དོགས་ཟོན་བྱེད་དགོས་པ་དང་རྡུང་རྡེག་གཏོང་དགོས་པའི་སྐོར་གྱི་དྲིལ་བསྒྲགས་དེབ་ཆུང》(བོད་རྒྱ་ཡིག་རིགས་གཉིས་ལྡན)ཁྲི་ལྔ་རྩོམ་སྒྱུར་པར་སྐྲུན་བྱས་ཤིང་། ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་དང་ལྗོངས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་5000ལྷག་ཙམ་ལ་སྤྲད་ནས་ཁྲིམས་ལུགས་ལས་དོན་ཡོངས་སུ་སྤེལ་རྒྱུར་འགན་ལེན་བྱས་ཡོད་པ་རེད།

སྡེ་ཁུལ་དུ“བཅའ་ཁྲིམས་གཤམ་སྤེལ”བྱེད་སྒོ་སྤེལ་རྒྱུ་དང་གྲོང་རྡལ་དོ་དམ་བྱེད་སྟངས་གསར་གཏོད་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་པའི་ཁར“གཅིག་གྱུར་འཆར་འགོད”ཅེས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་ལས་དོན་དང་ཟུང་འབྲེལ་གྱིས་དྲ་མིག་དཔོན་དང་། དྲ་མིག་ཕྱོགས་མི་དོ་དམ་པ། དྲ་མིག་ཆོས་ལུགས་ལས་དོན་དོ་དམ་པ། དྲ་མིག་གྲོང་མི་ལས་དོན་འབྲེལ་གཏུག་པ། དྲ་མིག་བདེ་འཇགས་སྲུང་སྐྱོང་བ། དྲ་མིག་ཉེན་རྟོག་པ་བཅས་དྲིལ་བསྒྲགས་དཔུང་ཁག་ནང་བཅུག་པའི་ཁར་དྲ་མིག་ཅན་གྱི་དོ་དམ་བྱས་པ་བརྒྱུད་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་སྡེ་ཁུལ་དང་གྲོང་མིའི་སྡོད་ཁུལ་བར་རྒྱ་སྐྱེད་ཡོང་བ་བྱས་པ་དང་གཞན་ཡང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་ཡོད། རགས་རྩིས་ལྟར་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁག་བཙུགས་པ་ནས་ད་བར་དུ་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་ཐེངས་16800ལྷག་ཙམ་སྤེལ་བ་དང་། དྲིལ་བསྒྲགས་ཡིག་རིགས་ཁྲི་3ལྷག་ཙམ་སྤྲད་པ། མང་ཚོགས་ཁྲི་20ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། བསྡོམས་རྩིས་ལྟར་ན“གཉིས་ལྡན་དུད་སྦྲེལ”ལས་དོན་སྤེལ་ཚུན་ལྗོངས་ཡོངས་ཀྱི་འགལ་ཟླ་སྣ་ཚོགས་དུས་མཚུངས་ལས་29.7%ཉུང་དུ་སོང་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་98.6%ཟིན་ཡོད་པ་རེད།

སློབ་གྲྭར“བཅའ་ཁྲིམས་གཤམ་སྤེལ”བྱེད་སྒོ་སྤེལ་རྒྱུ་དེ་སློབ་གྲྭའི་དོ་དམ་དང་། གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད། “སྐད་གཉིས”སློབ་གསོའི་ལས་དོན་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་པའི་ཁར“སྟབས་བསྟུན་སྣ་མང”ཞེས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྟབས་བསྟུན་སྣ་མང་ཡོང་རྒྱུ་མཐའ་འཁྱོངས་བྱས་ཡོད། སློབ་གྲྭའི་རྒྱང་བསྒྲགས་དང་སློབ་གྲྭའི་བརྙན་འཕྲིན་སོགས་དྲིལ་བསྒྲགས་འཐབ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་ཐོན་ཁུངས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ“སློབ་ཁང་གཉིས་པ”བཏོད་ནས“སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས”བཅས་ཕྱོགས་གསུམ་གཞི་གཅིག་གི་སློབ་གྲྭར་འགྲོ་བཞིན་པའི་སློབ་མའི་ཁྲིམས་ལུགས་སློབ་གསོའི་དྲ་བ་ནུས་ཤུགས་ཡོད་རྒུས་བསྐྲུན་པར་ཕན་འབྲས་ཡག་པོ་ཐོབ་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སློབ་གྲྭར་འཆད་ཁྲིད་དང་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་སྣ་ཚོགས་དང་དེ་བཞིན་ཤེས་བྱའི་སྐོར་གྱི་དྲི་བ་བཏོན་ནས་ལན་རྒྱག་པའི་བྱེད་སྒོ་ཐེངས་ཁྲི་2ལྷག་ཙམ་སྤེལ་བ་དང་རིམ་རྩིས་བྱས་ན་དགེ་སློབ་ཁྲི་50ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

ཁེ་ལས་སུ“བཅའ་ཁྲིམས་གཤམ་སྤེལ”བྱེད་སྒོ་སྤེལ་རྒྱུ་དང་མཐའ་མཚམས་ཚོང་དོན་ལ་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་པའི་ཁར“གོ་ཆོད”ཅེས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྦྱངས་པ་གོ་ཆོད་པ་ཞིག་ཡོང་རྒྱུ་མཐའ་འཁྱོངས་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དང་ཁེ་ལས་གཉེར་སྐྱོང་དོ་དམ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་པའི་ཡིད་རྟོན་ཁྲིམས་སྲུང་དང་། ཁྲིམས་ལྟར་གཉེར་སྐྱོང་། ཁྲིམས་ལྟར་དོན་གཅོད་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་དང་། ཁྲིམས་ལུགས་གསོ་སྦྱོང་དེ་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བའི་གསོ་སྦྱོང་གི་ནང་དོན་གྲས་སུ་བཅུག་པ་དང་ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་། ཁྲིམས་ལྟར་གཉེར་སྐྱོང་། ཁྲིམས་ལྟར་དོ་དམ། ཁྲིམས་ལྟར་སྤྱི་ཚོགས་འགན་འཁྲི་ལག་བསྟར་བཅས་བྱས་ཚུལ་དེ་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་པར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་གྱི་གྲས་སུ་བཅུག་པ། ཁེ་ལས་ཀྱི་ཁྲིམས་ལུགས་བློ་འདྲིའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཁྲིམས་ལྟར་གཉེར་སྐྱོང་དོ་དམ་བྱེད་པའི་ཁྲོད་ཀྱི་ཁྲིམས་ལུགས་བློ་འདྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། བྱ་གཞག་ཚན་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་མི་སྣ་གསར་པ་བཀོལ་སྤྱོད་དང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་དོ་དམ་བྱེད་པ་དང་ཁྲིམས་ལྟར་དོན་དག་གཅོད་པའི་ཁོང་ཚོའི་ནུས་པ་ཆེ་རུ་བཏང་བ། མཐའ་མཚམས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་དམིགས་ཏེ《མཐའ་མཚམས་ནས་འགྲོ་འོང་བྱེད་སྐབས་འཁྱེར་བའི་དངོས་རིགས་ལ་འགོ་ནད་ཡོད་མེད་ཞིབ་བཤེར་དང་དོ་དམ་བྱ་ཐབས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཐའ་མཚམས་ནས་གཏོང་འདྲེན་སྲོག་ཆགས་དང་རྩི་ཤིང་རིགས་ལ་འགོ་ནད་ཡོད་མེད་ཞིབ་བཤེར་བྱ་ཐབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་མཐའ་མཚམས་ནས་འགྲོ་འོང་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།

ཚན་པར“བཅའ་ཁྲིམས་གཤམ་སྤེལ”བྱེད་སྒོ་སྤེལ་རྒྱུ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་པའི་ཁར“གསར་གཏོད”ཅེས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་དོན་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཡོངས་བསྒྲགས་བྱང་བུ་དང་། དྲིལ་བསྒྲགས་དེབ་ཆུང་། སྒོ་འབྱེད་ཉིན་མོ། སྲིད་དོན་ཡོངས་བསྒྲགས་སོགས་སྲོལ་རྒྱུན་གཞི་རྟེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་ཟད། ད་དུང་དཔོད་ཆུང་དང་སྐད་འཕྲིན་སོགས་གསར་དར་སྨྱན་སྦྱོར་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། རུལ་སུངས་བར་སློབ་གསོ་གཏོང་བ་དང་། རུལ་སུངས་སྔོན་འགོག་བྱེད་པ། རུལ་སུངས་བར་ཆད་པ་གཅོད་པ་བཅས་ཀྱི་མ་ལག་འཛུགས་རྒྱུར་དམིགས་ཏེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པ་དང་གཞུང་ལས་པ་གཙོ་བོར་འཛིན་པ། གཞུང་ལས་པའི་བཅའ་ཁྲིམས་དང་། སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས། རྩིས་བཤེར་བཅའ་ཁྲིམས། སྤྱོད་གཙང་ཚད་གཞི་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཏང་ཁྲིམས་སྲོལ་ཡིག་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་གཞུང་ལས་པའི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་སྤྱོད་གཙང་རང་གཅུན་གྱི་རང་རྟོགས་རང་བཞིན་ཆེ་རུ་བཏང་ཡོད་པ་རེད།

དགོན་པར“བཅའ་ཁྲིམས་གཤམ་སྤེལ”བྱེད་སྒོ་སྤེལ་རྒྱུ་དང་དགོན་པར་དོ་དམ་བྱེད་སྟངས་གསར་གཏོད་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་པའི་ཁར“མཉམ་འགུལ”ཞེས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྡེ་ཚན་མཉམ་འགུལ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཡོད། དགོན་པར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་ཆབས་ཅིག་སྤྱི་བདེ་དང་། འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་ལུགས། ཁྲིམས་འཛིན་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ་སྐབས་རིམ་བྱོན་གྱི་བླ་མ་སྐྱེས་ཆེན་གྱི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་དགོངས་པ་དར་སྤེལ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་དེ་བཞིན་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་དགོན་སྡེ་དཔྱད་འདེམས་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཁྲིམས་སྲུང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད། མིག་སྔའི་བར་དགོན་སྡེར་བརྟན་ལྷིང་སྲུང་སྐྱོང་གི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཚད100%ཟིན་པ་དང་། གྲྭ་བཙུན་ལ་ཁྱབ་ཚད99.7%ཟིན་པ། གྲྭ་བཙུན་བྱེད་སྒོར་ཞུགས་ཚད99%ཟིན་ཡོད། ཆོས་ལུགས་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག》དང་། 《བྱེད་སྒོ་སྤེལ་ཡུལ་ཐོ་འགོད་དོ་དམ་བྱ་ཐབས》《སྒོམ་སྒྲུབ་མི་སྣར་དོ་དམ་བྱ་ཐབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་བཟོས་ནས་ཆོས་ལུགས་ལས་དོན་དང་ཆོས་ལུགས་བྱེད་སྒོར་ཞུགས་མཁན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།