ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ནི་སྲིད་གཞུང་གིས་མ་རྩ་བཏང་ནས་བསྐྲུན་པའི་སྐྱིད་གྲོང་གྲོང་རྡལ་རྟ་དམག་གྲོང་གསར་གྱི་བདེ་སྡོད་ཁང་གསར་མདུན་ན་འཛུམ་གྱིས་ཁེངས་པའི་གྲོང་ལྷན་གྱི་ཀྲུའུ་རེན་བློ་བཟང་ཡིན་པ།

ཉེ་ཆར་རང་སྐྱོང་ལྗོངས་གློག་བརྙན་ཀུང་སིའི་ལས་ཐོག་ཏང་ཡོན་གྱིས་ལྷ་ས་གྲོང་ཁྱེར་ཚེ་སྨོན་གླིང་སྡེ་ཁུལ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་ནས། སྡེ་ཁུལ་གྱི་མང་ཚོགས་དང་སྙིང་གཏམ་ཤོད་རེས་ཀྱིས་གྲོགས་པོ་འགྲིགས་པ་དང་། མང་ཚོགས་ལ་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་དོན་དག་གལ་ཆེན་ཤེས་རྟོགས་བྱས་པ་དང་སྦྲགས། སྡེ་ཁུལ་མང་ཚོགས་ལ་རིན་པ་མེད་པར་གློག་བརྙན་བསྟན་པ་རེད།

འདི་ནི་རང་སྐྱོང་ལྗོངས་གློག་བརྙན་ཀུང་སིའི་ལས་དོན་མི་སྣས་མང་ཚོགས་ལ་གློག་བརྙན་སྟོན་པའི་གནས་ཚུལ་ཡིན་པ།

སྐྱིད་གྲོང་གི་ལོ་རྒྱུས་ཕྱེད་ཀ་ཙམ་སྐྱིད་གྲོང་གཙང་པོ་དང་འབྲེལ་བ་ཡོད།

སྐྱིད་གྲོང་ལུང་ཤུར་ལ“མི་ཡུལ་གྱི་སུམ་རྩེན་གཉིས་པ”ཞེས་པའི་མཚན་སྙན་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་ས་ཁོངས་སུ་གནས་པ་དང་ཇོ་རིའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་གནས་སུ་གཏོགས་པས། གངས་རི་དང་། ནགས་ཚལ། གྲོག་རོང་སོགས་ཀྱི་ཁྱད་ཆོས་ལྡན་པའི་ལུང་ཤུར་ཞིག་རེད། ས་བབ་ཧེ་བག་ཆེ་བའི་དབང་གིས་སྐྱིད་གྲོང་ལུང་ཤུར་དུ་དམིགས་བསལ་གྱི་སྣོད་བཅུད་ཁོར་ཡུག་ཅིག་གྲུབ་ནས། དེར་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

མི་རིང་བའི་གོང་བཅར་འདྲི་ཚོགས་པ་དང་བཅས་པ་ངོ་མཚར་ཆེ་བའི་ལུང་ཤུར་དེར་ཐུན་མོང་མ་ཡིན་པའི་ཡིད་དབང་འགུགས་ཤུགས་ཉམས་སུ་མྱོང་བར་བསྐྱོད་པ་ཡིན།

སྐྱིད་གྲོང་ལུང་ཤུར་སྐྱིད་གྲོང་གཙང་པོའི་གྲོག་རོང་གི་དབུས་སུ་གནས་ཤིང་། མཐོ་ས་ནས་རྒྱང་ལ་ལྟ་སྐབས། དེ་གར་གཡའ་དག་པའི་ནམ་མཁའ་དང་གངས་རིས་བརྒྱན་པ་དང་། དམའ་སར་བལྟས་ཚེ་སྔོ་ཞིང་དྭངས་པའི་ཆུ་བོ་གངས་རིའི་གསེབ་ནས་ཤང་ཤང་དུ་རྒྱུག་བཞིན་ཡོད།

ལུང་ཤུར་དེའི་རི་རྒྱབ་ནེ་པ་ལ་དང་རི་བོ་ཧི་མ་ལ་ཡ་དང་སྦྲེལ་ནས་ཡོད་ཅིང་། གནའ་མིས་རང་བཞིན་དུ་གྲུབ་པའི་ལམ་དེར“གནམ་བསྐོས་ལམ་བུ”ཞེས་བརྗོད། ཕྱིས་སུ་ལམ་བུ་དེར“བོད་ནེ་གནའ་ལམ”ཞེས་བརྗོད་ཀྱི་ཡོད།

གནའ་ལམ་སྐོར་གྱི་ལོ་རྒྱུས་སྔ་ཤོས་སྤྱི་ལོའི་དུས་རབས་བདུན་པའི་དུས་འགོར་བཀོད་ཡོད། སྐབས་དེར་བོད་འདི་བཙན་པོའི་རྒྱལ་རབས་ཀྱིས་དབང་སྒྱུར་བྱེད་ཀྱི་ཡོད། སྲོང་བཙན་སྒམ་པོས་བལ་ཡུལ་དུ་ཕོ་ཉ་མངགས་ཏེ་བལ་ཡུལ་གྱི་རྒྱལ་པོའི་སྲས་མོ་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་ཆེད། མནའ་མ་བསུ་མཁན་གྱི་དཔུང་ཁག“མང་ཡུལ”ཏེ་ད་ཆའི་སྐྱིད་གྲོང་དུ་མངགས།

སྲོང་བཙན་སྒམ་པོ་སྐྱིད་གྲོང་དུ་བལ་བཟའ་ཁྲི་བཙུན་ཕེབས་བསུར་བཅར་སྐབས། བལ་བཟའ་ཁྲི་བཙུན་གྱིས་གནའ་ལམ་གྱི་ཡུལ་ལྗོངས་མཛེས་པ་དང་རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་གཟིགས་ནས། སྐལ་རྫོངས་སུ་བསྣམས་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གསུམ་ནས་གཅིག་དེ་གར་གནས་ཀྱི་རྟེན་དུ་བཞག་པ་མ་ཟད། ཕྱིས་སུ་ས་གནས་ཀྱི་མི་ཚོས་འཕགས་པ་ལྷ་ཁང་བཞེངས། ད་ཆ་དེ་གར་མི་ཚོས་རྡོ་དང་ཤིང་ལས་གྲུབ་ཅིང་ཨེ་ཤེ་ཡ་ལྷོ་མའི་ཉམས་འགྱུར་ལྡན་པའི་ལྷ་ཁང་དེ་སྔར་བཞིན་མཇལ་རྒྱུ་ཡོད།

བལ་བཟའ་ཁྲི་བཙུན་བོད་དུ་ཕེབས་སྐབས། བཟོ་བཀོད་པ་དང་གྲྭ་བཙུན་འབོར་ཆེན་ཁྲིད་ཡོད་པས། ལམ་བུ་གསར་པ་དེ་གང་མྱུར་ནང་བསྟན་བརྒྱུད་སྤེལ་དང་རིག་གནས་སྤེལ་རེས་ཀྱི་ལམ་གལ་ཆེན་ཞིག་ཏུ་གྱུར།

དེའི་རིང་ནེ་པ་ལ་དང་རྒྱ་གར་གྱི་གྲྭ་བཙུན་ལམ་དེ་བརྒྱུད་བོད་དུ་ནང་ཆོས་སྤེལ་བར་ཡོང་གི་ཡོད་ལ། ཐང་རྒྱལ་རབས་ཀྱི་ཕོ་ཉ་དང་བླ་མ་སྐྱེས་ཆེན་ཡང་དེ་ནས་རྒྱ་གར་དུ་ཕེབས་ཀྱི་ཡོད། 《ཐང་རྒྱལ་རབས་ནས་ནུབ་ཕྱོགས་སུ་ཆོས་ཞུ་བར་བསྐྱོད་པའི་བླ་མ་སྐྱེས་ཆེན་གྱི་རྣམ་ཐར》དུ་འཁོད་པར་གཞིགས་ན། ཐང་རྒྱལ་རབས་ཀྱི་སྐབས་སུ་སྔ་རྗེས་སུ་བླ་མ་སྐྱེས་ཆེན་ཤོན་ཀྲའོ་དང་། ཤོན་ཐའེ། ཏའོ་ཧྥང་། ཏའོ་ཧྲེན། ཤོན་ཧུའེ་སོགས་བྱུང་བ་དང་། ཁོང་ཚོས་གནའ་ལམ་བརྒྱུད་ནེ་པ་ལ་དང་རྒྱ་གར་དུ་ཕེབས། ད་ཆ་སྐྱིད་གྲོང་རྫོང་གྲོང་གི་ཉེ་འདབས་སུ་ཡོད་པའི“ཐང་གི་ཕོ་ཉའི་བྲག་བརྐོས་ཡི་གེ”ལས་སྐབས་དེའི་གནའ་ལམ་གྱི་འཁྲུག་ཆ་དེ་བས་མངོན་ཐུབ།

ཨོ་རྒྱན་པད་མ་འབྱུང་གནས་ཀྱང་གནའ་ལམ་དེ་བརྒྱུད་བོད་དུ་བྱོན་པ་དང་། སྐུ་ངལ་གསོ་སྐབས་ཡུལ་དེའི་ས་དཔྱད་ལེགས་པོ་ཡོད་པར་གཟིགས་ནས་དེར“སྐྱིད་གྲོང”ཞེས་པའི་མིང་འདོགས་གནང་བ་དང་དུས་དེ་ནས་བཟུང་སྐྱིད་གྲོང་ཞེས་པའི་མིང་བཏགས། དུས་དེ་ནས་བཟུང་མིང་དེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།

“དེ་དག་ཐམས་ཅད་ལས་སྐྱིད་གྲོང་ལུང་ཤུར་དུ་སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་ཡུལ་ལྗོངས་ཡོད་ལ། ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་ཀྱང་ཡོད”ཅེས་བཅར་འདྲི་ཚོགས་ཆུང་ལ་ཕེབས་རོགས་ཞུ་མཁན་སྐྱིད་གྲོང་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ལྷ་མཆོག་གིས་ངོ་སྤྲོད་བྱས། ཁོང་གིས་སྐྱིད་གྲོང་རྫོང་གིས་མཛེས་ལྗོངས་དེ་དག་གསར་སྤེལ་ཤུགས་ཆེན་བྱས་ནས་ཡུལ་སྐོར་བ་ཚོར་སྐྱིད་གྲོང་ལུང་ཤུར་གྱི་རིག་གནས་ཁྱད་འཕགས་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

རྟ་དམག་བའི་བདེ་སྐྱིད་འཚོ་བ།

སྐྱིད་གྲོང་ལུང་ཤུར་དུ་རླངས་འཁོར་བཏང་ནས་སྐྱིད་གྲོང་གྲོང་རྡལ་དུ་སླེབས་ལ་ཉེ་བའི་སྐབས། གྲོང་ཚོ་འདི་འདྲ་ཞིག་མཐོང་ཐུབ་སྟེ། རི་ཆུ་ནགས་གསུམ་གྱིས་བསྐོར་བའི་གསེང་དུ་ཁང་པ་བཅུ་ཕྲག་ལྷག་གྲལ་འགྲིག་ཅིང་། ཁ་དོག་ཀྱང་མཚུངས་ལ་བཟོ་ལྟའང་འདྲ། ལྷ་མཆོག་གིས་ངོ་སྤྲོད་བྱས་པ་ལྟར་ན། དེ་ནི་སྲིད་གཞུང་གིས་མ་དངུལ་བཏོན་ནས་རྟ་དམག་བར་བསྐྲུན་པའི་གྲོང་ཚོ་གསར་པ་རེད།

རྟ་དམག་གི་སྐོར་ལ། ངག་རྒྱུན་དུ1791ལོར་ཆིང་རྒྱལ་རབས་སྲིད་གཞུང་གི་དམག་མི་བོད་དུ་བསྐྱོད་ནས་བོད་ལ་བཙན་འཛུལ་གོར་ཁའི་དམག་དྲག་འདུལ་བྱས། དམག་འཁྲུག་གི་རྗེས་སུ་གར་སོང་ཆ་མེད་དུ་གྱུར་པའི་གོར་ཁའི་རྟ་དམག་མང་པོ་མཐའ་མཚམས་སུ་ལུས་ནས་ཕ་ཡུལ་དུ་ལོག་ཐུབ་མེད། ལོ་ཟླ་ཇི་སྙེད་ཀྱི་རིང་དཔོན་དམག་འདི་དག་གིས་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་སྐྱེ་བོ་རྣམས་དང་ལྷན་ཅིག་འཚོ་བ་བསྐྱལ། ཤོད་རྒྱུན་ལ་ད་ལྟའི་རྟ་དམག་བ་ནི་ཁོ་ཚོའི་ཕྱི་རབས་པ་ཡིན་པ་དང་། ད་ཕན་ལོ100ལྷག་འདས་ཡོད།

སྔོན་ཆད་རྒྱལ་ཁོངས་མེད་པའི་རྐྱེན་གྱིས་རྟ་དམག་བ200ལྷག་ལ་ས་ཞིང་དང་ཁང་པ་མེད་པས། དུས་ཡུན་རིང་པོར་འཁྱམ་མྱུལ་གྱི་འཚོ་བ་སྐྱེལ་གྱི་ཡོད་པར་བརྟེན། “ཤར་ཕྱོགས་ཀྱི་ཅི་ཕུའུ་ཀྲེ་བ”ཞེས་ཟེར་སྲོལ་ཡོད།

2003ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྟ་དམག་བ་རྣམས་དངོས་སུ་ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་པ་དང་། དེ་ནས་བཟུང་ཡུན་རིང་པོར་གནས་ངེས་མེད་དུ་འཁྱམ་པ་དང་གཞན་གྱི་ཁྱད་གསོད་མྱོང་བའི་དཀའ་སྡུག་གི་འཚོ་བ་མཇུག་འགྲིལ་ཞིང་། ཡུལ་དེ་གའི་མང་ཚོགས་དང་མཉམ་དུ་སྤྱི་དམངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་བྱུང་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་རྐྱང་ཞིག་སྐྱེལ་འགོ་ཚུགས།

ཉེ་བའི་ལོ་ཤས་རིང་ཡུལ་དེ་གའི་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི100ལྷག་བཏང་ནས་གྲོང་མི་ཡོངས་ལ་ས་རྡོ་ཤིང་གི་ཁང་པ་བརྒྱབ་པ་དང་། སྔ་ལོ་དག་ཏུ་རྟ་དམག་བ་རྣམས་ཁང་པ་གསར་པར་སྤོས། དེ་དང་ཆབས་ཅིག སྲིད་གཞུང་གིས་དུད་ཚང་རེར་ས་ཞིང་དང་ཕྱུགས་ཟོག་བགོས་པ་དང་། ཁ་གདན་དང་བོད་བཟོའི་སྒྲོག་ཙེ་སོགས་འཚོ་བའི་མཁོ་ཆས་ཉོས་ཁར་ཆུ་ཀ་ལའང་ཁྲིད། རྟ་དམག་བ་རྣམས་དེ་བས་ཀྱང་སྤྲོ་སྣང་སྐྱེ་འོས་པ་ཞིག་ནི། གྲོང་ཚོའི་སློབ་ལོ་རན་པའི་བྱིས་པ་དག་སློབ་གྲྭར་ཞུགས་ཏེ་ཡི་གེ་སྦྱོང་འགོ་བརྩམས། གཞན་ཡང་རྒྱལ་ཁབ་ཀྱིས་རྟ་དམག་བ་ལ་ཡུལ་དེ་གའི་མི་རིགས་གཞན་དང་འདྲ་བར་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད།

ད་ལྟའི་བདེ་སྐྱིད་འཚོ་བའི་སྐོར་གླེང་སྐབས། རྟ་དམག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་ལ་མྱོང་ཚོར་ཟབ་མོ་ཡོད་པ་སྟེ། ཁོང་གིས་སྔོན་ཆད་རྟ་དམག་བར་སྡོད་ས་མེད་པར་གཞན་གྱི་ཁྱིམ་དུ་གནས་ཚང་གཡར་དགོས་པ་དང་། གཞན་ལ་ལས་གཡོག་བརྒྱུགས་ནས་འཚོ་ཚིས་ལ་འབད་དགོས་ཀྱི་ཡོད། ད་ཆ་ཁང་པ་ཡོད་པ་མ་ཟད། ད་དུང་མ་མཐའི་འགན་བཅོལ་སོགས་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཀྱང་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་ཅེས་བརྗོད།

དེས་ཁོང་ཚོར་སུམ་རྩེན་དུ་སླེབས་པ་ལྟར་གྱི་ཚོར་སྣང་སྦྱིན་གྱི་ཡོད།

རེད་ཨ། “མི་ཡུལ་གྱི་སུམ་རྩེན་གཉིས་པར”གྲགས་པའི་སྐྱིད་གྲོང་དུ་ཏང་དང་སྲིད་གཞུང་གིས་རྟ་དམག་བར་འཚོ་བ་གསར་པ་ཞིག་བྱིན།

ལྷག་པ་དོན་གྲུབ་ནི་འབྲིང་རིམ་ཆེད་ཚན་སློབ་གྲྭར་ཚུད་ཐེངས་དང་པོའི་རྟ་དམག་བའི་གྲས་ཤིག་ཡིན་པ་དང་། འདི་ལོ་ལོ་20སླེབས་པའི་ཕོ་གཞོན་དེ་རྫིག་ཉམས་དོད་པོ་ཞིག་ཡོད། ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་བུ་བཅོལ་སློབ་གསོའི་འབྲིང་རིམ་ཆེད་ཚན་སློབ་གྲྭ་ནས་ཐོན་པའི་ལྷག་པ་དོན་གྲུབ་ད་ཆ་སྐྱིད་གྲོང་གྲོང་རྡལ་སྤང་ཞིང་གྲོང་ཚོའི་བུ་བཅོལ་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། ཟླ་རེར་གླ་ཆ་སྒོར2000ཙམ་ཡོད། དེའི་སྐོར་གླེང་སྐབས་ལྷག་པ་དོན་གྲུབ་ཀྱིས“ན་ནིང་ལས་ཀར་འགྲོ་བའི་ཉིན་དེར་ཨ་མ་དགའ་ངུ་ཤོར་ནས་རྨི་ལམ་བཏང་བ་དང་འདྲ་པོ་འདུག”ཅེས་གསུང་གི་འདུག་ཟེར།

དེ་དག་ཚང་མར་རྟ་དམག་བས་བཀའ་དྲིན་སེམས་ལ་འཆང་བཞིན་མཆིས། རྟ་དམག་གྲོང་ཚོའི་མང་ཚོགས་ཚོས“རང་ཉིད་ཀྲུང་གོ་བ་ཞིག་ཡིན་པས་སྤོབས་པ་སྐྱེ་འོས་པ་ཞིག་འདུག་ལ། སྲིད་གཞུང་གིས་ང་ཚོར་བདེ་སྐྱིད་འཚོ་བ་འདི་ལྟ་བུ་གནང་བར་བཀའ་དྲིན་ཚོར་གྱི་འདུག”ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཚོང་དོན་འགག་སྒོ།

ལོ་རྒྱུས་ཐོག་བོད་ནེ་གནའ་ལམ་ནི་གནའ་ལམ་དང་དམག་ལམ་ཕུད། ད་དུང་ཚོང་ལམ་གལ་ཆེན་ཞིག་ཀྱང་རེད། གནའ་ལམ་རྒྱུད་ཀྱི་སྐྱིད་གྲོང་གྲོང་རྡལ་ས་བབ་གནས་སྟངས་དབང་གིས་ཚོང་ལས་ཉོ་ཚོང་གི་ལྟེ་གནས་གལ་ཆེན་དུ་གྱུར།

གནའ་ལམ་ཤར་གཏོང་ཐུབ་རྗེས། བོད་དང་ནེ་པ་ལའི་ཚོང་པས་བོད་ནེའི་གནའ་ལམ་བརྒྱུད་ཚོང་དོན་བྱེད་སྒོ་སྤེལ་བ་དང་། ཕྱོགས་གཉིས་པོས་རྒྱུན་དུ་དངོས་ཟོག་ཁྱེར་ནས་མཐའ་མཚམས་དང་ཉེ་བའི་སྐྱིད་གྲོང་གྲོང་རྡལ་དུ་ཉོ་ཚོང་བྱེད་ཀྱི་ཡོད། སྐབས་དེ་དུས་བོད་ཀྱི་སྨན་རྒྱུ་དང་། ཀོ་་པགས། བལ། ཞོ། མར་བཅས་དང་། ནེ་པ་ལའི་ཟངས་ཆས་དང་། ཤིང་བརྐོས་མ། གཟི། གཡང་ཊི། གསུང་རབ་བཅས། ཀྲུང་ཡོན་ས་ཁུལ་གྱི་དར་གོས་དང་། ཚྭ། རྫ་ཆས། ཤོག་སྨྱུག རས་དར་སོགས་ཚང་མ་སྐྱིད་གྲོང་དུ་མཐོང་རྒྱུ་ཡོད་པས། སྐྱིད་གྲོང་གྲོང་རྡལ་ནི་མཐའ་མཚམས་ཚོང་དོན་ཉོ་ཚོང་གི་ལྟེ་གནས་ཤིག་ཡིན་པ་སྨོས་མེད་རེད།

ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་བོད་དུ། སྐྱིད་གྲོང་དེ་ཉིད་ཚོང་ལས་འགག་སྒོ་ཡིན་པའི་ངོས་ནས་དེའི་གཏིང་ཤུགས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་ཐོབ། མཐའ་མཚམས་ཚོང་དོན་སྤེལ་བར་སྟབས་བདེ་སྐྲུན་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས1961ལོར་སྐྱིད་གྲོང་དུ་འགག་སྒོ་འཛུགས་རྒྱུའི་གཏན་འབེབས་གནང་བ་དང་འབྲེལ།1978ལོར་སྐྱིད་གྲོང་རྒྱལ་ཁབ་ཀྱི་རིགས་དང་པོའི་སྐམ་སའི་ཚོང་འགྲུལ་འགག་སྒོར་ཆོག་མཆན་གནང་། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཕྱོགས་གཉིས་པོའི་མཐའ་མཚམས་མི་སེར་ཕྱོགས་གཉིས་པོའི་མཐའ་མཚམས་ཀྱི་སྤྱི་ལེ30སར་འགྲོ་འོང་བྱས་ནས་རང་མོས་ཉོ་ཚོང་བྱ་ཆོག་པའི་གན་རྒྱ་བཞག

ཉེ་བའི་ལོ་ཤས་རིང་བོད་དུ་སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ལྷག་དོན་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པར་བཏོན་པའི“བོད་རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གཏོད་དགོས་པའི”ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐྱིད་གྲོང་འགག་སྒོའི་འཕེལ་རྒྱས་འཐབ་ཇུས་བཏོན་རྗེས། སྐྱིད་གྲོང་འགག་སྒོ་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་ནས་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་སྔར་བས་མངོན་རྒྱུ་རེད།

ད་ཆ་སྐྱིད་གྲོང་གྲོང་རྡལ་དུ“4·25”ས་ཡོམ་བརྒྱབ་ནས་དུས་ཚོད་རིང་པོ་མ་འདས་ཀྱང་། ཚོང་དོན་དར་རྒྱས་འགྲོ་འགོ་ཚུགས་བཞིན་ཡོད། སྐྱིད་གྲོང་གྲོང་རྡལ་གྱི་ཁྲོམ་གཞུང་དུ་སྐྱོད་སྐབས། དེ་གར་ནེ་པ་ལ་བའི་ཟ་ཁང་དང་ཚོང་ཁང་མཐོང་རྒྱུ་ཡོད་ལ། ནེ་པ་ལའི་ཚོང་ཟོག་སྣ་མིན་སྣ་ཚོགས་ཀྱང་མཐོང་རྒྱུ་ཡོད།

ནེ་པ་ལའི་ཚོང་པ་ཀྲའེ་ཉིས་གྲོང་རྡལ་དུ་ཟ་ཁང་ཞིག་བཙུགས་ནས་ཤ་འབྲས་འཚོང་གི་ཡོད། ཀྲའེ་ཉིས་ཟ་ཁང་གཉེར་ནས་ལོ་མང་ཕྱིན་སོང་། སྨན་སྣ་མང་ཆེ་བ་ནེ་པ་ལ་ནས་ནང་འདྲེན་བྱེད་ཀྱི་ཡོད་པས། ཚོང་ཧ་ཅང་བྲིན་པོ་འདུག་ཅེས་གསར་འགོད་པར་བརྗོད་བྱུང་། ཀྲའེ་ཉིའི་ཚོང་ཁང་དུ་སྐུ་མགྲོན་རྒྱུན་ཆད་མེད་པ་མཐོང་དུས་ཡོང་འབབ་ཡག་པོ་ཡོད་པ་ཤེས་གསལ་རེད།

གྲོང་རྡལ་དུ་ནེ་པ་ལའི་བཟོ་རྩལ་ཐོན་རྫས་ཚོང་ཁང་གི་སྦྱིན་བདག་ཚེ་རིང་གཡང་འཛོམས་ཀྱིས་ས་ཡོམ་གནོད་འཚེས་རྐྱེན་པས། སྐྱིད་གྲོང་འགག་སྒོར་གནོད་འཚེ་ཕྲན་ཙམ་ཕོག་མོད། འོན་ཀྱང་སྐྱིད་གྲོང་འགག་སྒོའི་མ་འོངས་ལ་ཡིད་ཆེས་ཆེན་པོ་ཡོད། ངས་དུས་ཚོད་གང་ཙམ་སོང་རྗེས་ནེ་པ་ལ་ནས་དངོས་ཟོག་ནང་འདྲེན་བྱས་ཏེ་སྔ་ཙམ་རྒྱུན་ལྡན་བཞིན་ཚོང་སླར་གསོ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་བརྗོད་བྱུང་།

གསར་འགོད་པར་སྐྱིད་གྲོང་རྫོང་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། སྐྱིད་གྲོང་འགག་སྒོའི་མཐའ་མཚམས་ཉོ་ཚོང་དངུལ་འབོར་བསྟུད་མར་འཕར་བཞིན་ཡོད་པ་དང་། 2007ལོའི་སྒོར་ཁྲི1116ནས2014ལོའི་སྒོར་དུང་ཕྱུར་6.52བར་ལྡབ་བཅུ་ལྷག་ཙམ་འཕར་ཡོད་པ་རེད།

སྐྱིད་གྲོང་རྫོང་གི་རྫོང་དཔོན་ཧུའུ་ཧུང་གིས། ན་ནིང་ཟླ12པར། སྐྱིད་གྲོང་འགག་སྒོ་དངོས་སུ་སྒོ་འབྱེད་ཤུགས་ཆེ་རུ་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་སྤྱོད་འགོ་ཚུགས་ཡོད། གལ་སྲིད་ས་ཡོམ་གྱི་གནོད་འཚེ་མ་ཐོན་ཚེ་སྔོན་དཔག་ལྟར་ན། མཐའ་མཚམས་ཉོ་ཚོང་དངུལ་འབོར་ཤུགས་ཆེར་འཕར་རེ་ཡོད། དེ་ལྟར་ཡིན་ནའང་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ལག་ལེན་བསྟར་བ་དང་བསྟུན། སྐྱིད་གྲོང་གིས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་ཤོས་བསུ་རྒྱུ་དང་། དེས་ཉོ་ཚོང་བྱེད་ཚད་མགྱོགས་མྱུར་འཕར་ཐུབ་པ་ཕུད། ད་དུང་ཡུལ་སྐོར་དང་། ཞིང་འབྲོག་ལས། ཟོག་འགྲེམས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་ངེས་རེད་ཅེས་ངོ་སྤྲོད་བྱས་བྱུང་།

འབྱུང་འགྱུར་སྐྱིད་གྲོང་འགག་སྒོ་གསར་རྐྱང་ཞིག་དང་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བའི་སྐྱིད་གྲོང་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།