ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ10པའི་ཟླ་མཇུག་བར། རང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར2226བཏང་ནས། ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར2217གྱི་བརྒྱ་ཆ100ཟིན་ནས་འཆར་འགོད་དམིགས་ཚད་ཀྱི་ལས་འགན་ཚད་ལས་བརྒལ་བ་ལེགས་སྒྲུབ་ཐུབ་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། 2011ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས161པའི་ཐོག་རང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ཀྱི་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་བྱས་ཏེ་འཛུགས་སྐྲུན་རྣམ་གྲངས226བཀོད་སྒྲིག་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར3305བཏང་ཡོད། ལོ་ལྔ་ཚན་བཅུ་གཉིས་པའི་དུས་དཀྱིལ་གྱི་གོང་འཕེལ་དགོས་མཁོར་བསྟུན་ནས་རང་ལྗོངས་ཀྱི་རྣམ་གྲངས་མ་འཇོག་ལེགས་སྒྱུར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ཀྱི་དུས་དཀྱིལ་དཔྱད་དཔོགས་ལེགས་སྒྲིག་གྲོས་འགོའི་ཇུས་གཞི་བཟོ་སྒྲིག་བྱས་པ་དང་སྙན་ཞུ་ཕུལ་ནས་སྦྲེལ་མཐུད་བྱས་པ་བརྒྱུད། སྤྱི་ལོ2013ལོར་རང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་དུས་དཀྱིལ་གྱི་དཔྱད་དཔོགས་ལེགས་སྒྲིག་ཇུས་གཞིར་རྒྱལ་ཁབ་གོང་འཕེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་དང་ཇུས་གཞིར་ལེགས་སྒྲིག་བྱས་ཏེ། རྣམ་གྲངས236བཀོད་སྒྲིག་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར4185དང་ལོ་ལྔ་ཚན་བཅུ་གཉིས་པའི་རིང་སྒོར་དུང་ཕྱུར2217བཏང་བ་དེ། དེ་སྔའི་ཇུས་གཞི་དང་བསྡུར་ན་ཁག་སོ་སོར་སྒོར་དུང་ཕྱུར880དང་སྒོར་དུང་ཕྱུར286མང་དུ་ཕྱིན་ཡོད།

ལྷ་ས་གྲོང་ཁྱེར་གྱི་དྲོད་མཁོ་སྤྲོད་ལས་གཞི་དང་བོད་ལྗོངས་ནང་བསྟན་སློབ་གླིང་རྒྱ་སྐྱེད་ལས་གཞི་སོགས་རྣམ་གྲངས16གསར་སྣོན་བྱས་ཡོད། རྒྱལ་ཁབ་ཀྱི་མ་འཇོག་བྱེད་ཚད་ཐད་འགག་སྒྲོལ་བྱུང་བ་དང་བསྟུན་ནས་རང་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་གོང་འཕེལ་མགྱོགས་པོ་བྱུང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་ལྔ་ཚན་བཅུ་གཉིས་པའི་རིང་རང་ལྗོངས་ཀྱིས་བུ་བཅོལ་ཁང496དང་གྲོང་གསེབ་ཀྱི་དམའ་རིམ་སློབ་འབྲིང88། མཐོ་རིམ་སློབ་འབྲིང20། མཐོ་རིམ་སློབ་གྲྭ6བཅས་གསར་སྐྲུན་དང་བསྒྱུར་བཟོ་རྒྱ་སྐྱེད་བཏང་བ་དང་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ320གསར་སྣོན་དང་བསྒྱུར་བཟོ་རྒྱ་སྐྱེད་བཏང་བ། ལས་རིགས་སློབ་གྲྭ་བཞི་གསར་སྐྲུན་བྱས་པ་མ་ཟད། སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ21གསར་སྣོན་དང་རྒྱ་སྐྱེད་བཏང་བ་བཅས་བྱས་པ་དང་ཆབས་ཅིག རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ཐད་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་སྟེ། རྫོང27གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ས་ཁུལ(གྲོང་ཁྱེར)བདུན་གྱི་མ་བུ་བདེ་སྲུང་སྨན་ཁང་། རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)7 གྱི་བྱིས་པའི་ཚན་ཁག མཁོ་ཆོད་སྨན་པའི་ནད་ཐོག་གསོ་སྐྱོང་རྟེན་གཞི4བཅས་སྐྲུན་ཐོག་འཆར་ལྡན་བུ་བཙའི་སྐོར་སྐྱོད་རླངས་འཁོར44དང་འཆར་ལྡན་བུ་བཙའི་སྒྲིག་ཆས96བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ལས་ཁུངས13བཅས་བཀོད་སྒྲིག་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་བྱེད་མགྱོགས་སུ་བཏང་བས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་མ་བུ་བདེ་སྲུང་། ལེགས་བཙའ་ལེགས་གསོ། བཟའ་བཅའ་དང་སྨན་རྫས་ལྟ་འདོམས་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།

ལྗོངས་གོང་འཕེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔ་ཚན་བཅུ་གཉིས་པའི་རིང་རང་ལྗོངས་ཀྱིས་དཔེ་མཛོད་ཁང་དང་རྟེན་རྫས་བཤམས་མཛོད་ཁང་། མི་རིགས་ལུས་རྩལ་སྦྱོང་བརྡར་ཁང་སོགས་གསར་བརྗེའི་ཤུལ་བཞག་སྲུང་སྐྱོབ་ལས་གཞི་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ལ་རླུང་འཕྲིན་དང་བརྙན་འཕྲིན་ཤར་གཏོང་བྱེད་པའི་ལས་གཞི། རླུང་འཕྲིན་བརྙན་འཕྲིན་གྲོང་ཚོ་ཀུན་ཁྱབ་དང་ཤིན་བོད་ལས་གཞི་སོགས་རྣམ་གྲངས་ལག་བསྟར་བྱས་པས་ལྗོངས་ཡོངས་ཀྱི་གཞི་རིམ་རིག་གནས་དང་རིག་དངོས་སྲུང་སྐྱོབ། རླུང་འཕྲིན་བརྙན་འཕྲིན་དང་གསར་འགྱུར་དཔེ་སྐྲུན་བྱ་གཞག་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད། རང་ལྗོངས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་རྒྱུན་མཐུད་ལེགས་བཅོས་བྱུང་ནས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་ལ་མི་ཤུགས་ཐོན་ཁུངས་ཁྲོམ་ར་དང་སྤྱི་ཚོགས་འགན་བཅོལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སྐྲུན་ཟིན་པ་དང་། རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་སྒྲིག་བཀོད68དང་སྡེ་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས5ཤང་གྲོང་རྡལ་གྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ལྟེ་གནས50བཅས་གསར་དུ་སྐྲུན་པ། རྒན་གསོ་ཁང་དང་དབང་པོ་སྐྱོན་ཅན་པའི་དྲག་སྐྱེས་ལྟེ་གནས། རྫོང་རིམ་པའི་འགན་ལེན་ལྔའི་གཅིག་བསྡུས་འཚོ་སྐྱོང་ཞབས་ཞུའི་ལྟེ་གནས་སོགས་རྣམ་གྲངས་ཁག་གཅིག་གསར་དུ་ལས་འགོ་བཙུགས་པ་བཅས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།