ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགྲིམ་འགྲུལ་དང་། ནུས་རྒྱུ། སྤྱི་པའི་ཞབས་ཞུ་སོགས་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་དང་རིམ་བཞིན་ལེགས་སུ་གཏོང་བ་དང་བསྟུན་ནས་མི་འགྲུལ། ཟོག་འགྲུལ། འཕྲིན་འགྲུལ་བཅས་རྒྱུན་ཆད་མེད་པར་བསྡུ་རུབ་དང་མཉམ་འདྲེས་བྱེད་ཐུབ་ནས་ད་ཆའི་བོད་ཀྱིས་ས་ཁུལ་ཁག་དབར་ཁེར་རྐྱང་དང་སྒོ་བཀག་གི་འཕེལ་རྒྱས་རྣམ་པ་རྦད་དེ་གཏོར་བས་དཔལ་འབྱོར་གྱི་རྒྱུ་རྐྱེན་གཙོ་བོ་དེ་ལུགས་མཐུན་ངང་སྐོར་བསྐྱོད་དང་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་མངོན་འགྱུར་བྱེད་ཐུབ་པ་བྱུང་ཡོད།

མིག་སྔར་ལྷ་སས་ལྟེ་བ་བྱས་པའི་ཆུ་ཚོད4ཡི་དཔལ་འབྱོར་འཁོར་རྒྱ་ཆགས་ཟིན་པ་དང་། དཔལ་འབྱོར་གླིང་ཁུལ་གྱིས་ལྟེ་བར་བྱས་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་འདུ་འཛོམས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་བོད་དབུས་དཔལ་འབྱོར་ཁུལ་གྱི་སྣེ་འདྲེན་སྣེ་ཁྲིད་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་པ་དང་། ལྗོངས་བབ་དང་ཐོན་ཁུངས་སོགས་ཀྱི་ལེགས་ཆར་གཞི་ཚུགས་པའི་བོད་ཤར་ནུབ་ཀྱི་དཔལ་འབྱོར་ཁུལ་གྱིས་ཀྱང་སྔོན་འགྲོའི་རྗེས་ཟིན་པ་བྱེད་བཞིན་ཡོད།

ཚང་མས་ཤེས་གསལ་ལྟར་ས་གནས་ཁག་གི་ཐོན་ཁུངས་ཀྱི་སྤུས་ཀ་དང་མ་འཇོག་བྱེད་ཤུགས་མི་འདྲ་བ་དང་ཤེས་ལྡན་པ་ཁྱབ་ཚུལ་མི་འདྲ་བ་སོགས་ཀྱི་རྒྱུ་རྐྱེན་ལས་ཐོན་པའི་ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་མེད་པ་སོགས་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་འཕྲད་པའི་གནད་དོན་ཆེན་པོ་ཞིག་ཡིན། དེར་གཞིགས་ནས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད》ནང་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་ཀྱིས་གཙོ་བོར་བྱས་པའི་བོད་དབུས་ལྷོའི་ས་ཁུལ་དང་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ནག་ཆུ་ས་ཁུལ་དབུས་རྒྱུད་དང་ཤར་རྒྱུད་ས་ཁོངས་གཅིག་ཏུ་བྱས་ནས་བོད་དབུས་རྒྱུད་ཀྱི་དཔལ་འབྱོར་ཁུལ་གཏོད་རྒྱུ་དང་། ཆབ་མདོ་ས་ཁུལ་གཙོར་བཟུང་གིས་ཤར་རྒྱུད་དཔལ་འབྱོར་ཁུལ་གཏོད་པ། མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་རྒྱུད། ནག་ཆུའི་ནུབ་རྒྱུད་བཅས་གཙོར་བཟུང་གིས་ནུབ་རྒྱུད་དཔལ་འབྱོར་ཁུལ་གཏོད་པ། རང་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱེད་པ། མཉམ་ལས་ཀྱི་ལམ་སྲོལ་ཆགས་པ་བྱེད་པ། མཉམ་འགུལ་མཉམ་རོགས་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

ས་ཁོངས་ཆེ་མོ་གསུམ་གྱི་ལེགས་ཞན་མི་འདྲ་བར་དམིགས་ནས་ད་ཕན་ལོ་ལྔའི་ནང་རང་ལྗོངས་ཀྱི་དབུས་རྒྱུད་དཔལ་འབྱོར་གྱིས་མ་འཇོག་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ་དང་། ལེགས་ཆའི་ཐོན་ཁུངས་གསར་སྤེལ་མགྱོགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་ཚོགས་པའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ། ས་ཁོངས་དཔལ་འབྱོར་གཞི་ཁྱོན་ཆེ་རུ་གཏོང་བ། བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་མཐོ་ས་དང་རྒྱལ་ཁབ་ནུབ་རྒྱུད་ས་ཁུལ་དུ་ཤུགས་རྐྱེན་གལ་ཆེན་ལྡན་པའི་དཔལ་འབྱོར་ལྟེ་གནས་དང་། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ལྡན་པའི་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ། བརྒྱུད་སྐྱེལ་ས་གནས། རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གནས་གལ་ཆེན་དང་བཅས། བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་དང་། ཚོང་དོན་ཟོག་འགྲེམས་ལྟེ་གནས། དངུལ་རྩའི་ལྟེ་གནས་བཅས། དེ་བཞིན་དེང་རབས་བཟོ་ལས་འཕེལ་རྒྱས་རྟེན་གཞི་དང་རིག་གནས་ཐོན་ལས་གསོ་སྦྱོང་རྟེན་གཞི་བཅས་ཧུར་ཐག་བཏོད་ཡོད། ཤར་རྒྱུད་དཔལ་འབྱོར་ཁུལ་གྱི་སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་དང་འབྲེལ་བའི་ལྗོངས་བབ་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱེད་པ་དང་། གཞུང་ལམ་འགྲིམ་འགྲུལ་གྱི་གཙོ་བོར་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ཆུ་ནུས་དང་གཏེར་རྒྱུའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་གཙོ་ཁྲིད་དུ་བྱེད་པ། ཁྱད་ལྡན་ཕྱུགས་ལས་ཐོན་རྫས་དང་དེ་བཞིན་དེའི་ལས་སྣོན་ལས་རིགས། ཡུལ་སྐར་སྤྲོ་འཆམ་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། ཨར་ལས་རྒྱུ་ཆའི་ལས་རིགས་བཅས་འདེགས་སྐྱོར་དུ་བྱེད་པའི་ས་ཁོངས་དཔལ་འབྱོར་སྐྱེད་སྲིང་བྱེད་པ། ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་འཁོར་རྒྱ་མཉམ་འདྲེས་ཧུར་ཐག་བྱེད་པ་དང་། སི་ཁྲོན་དང་། ཡུན་ནན། མཚོ་སྔོན་བཅས་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་བ་དང་། ཚོང་དོན་ལྟེ་གནས། མདོག་ལྡན་ལྕགས་རིགས་ཐོན་སྐྱེད་རྟེན་གཞི། “ནུབ་གློག་ཤར་སྐྱེལ”གྱི་མཐུད་སྦྲེལ་ནུས་རྒྱུ་རྟེན་གཞི་བཅས་ཧུར་ཐག་སྐྲུན་པ། “ཇ་རྟ་ཚོང་ལམ”དང་ཤམ་བྷ་ལ་ཆེན་པོའི་ཡུལ་སྐོར་སྤྲོ་འཆམ་འཁོར་རྒྱར་བརྟེན་ནས“གཙང་གསུམ”རྒྱུག་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཁུལ་རྩེ་གྲ་གཏོད་པ་བཅས་རེད། རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་། སྣོད་བཅུད་ཉམས་ཞན། མི་ཚོགས་སྲབ་པ་སོགས་དགེ་མཚན་མེད་པའི་རྒྱུ་རྐྱེན་ལ་དམིགས་ནས་ནུབ་རྒྱུད་དཔལ་འབྱོར་ཁུལ་གྱིས་འོས་འཚམ་དང་གོ་རིམ་ལྡན་པའི་སྒོ་ནས་མི་སྣ་འདུ་བ། ལམ་རྒྱུད་དང་མཐའ་ཁུལ་གྱི་ལྗོངས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། མཐའ་མཚམས་འགག་སྒོ་སྒོ་དབྱེ་དང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཤིང་། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ནས་གུ་གེའི་གནའ་ཤུལ་བར་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ལམ་ཐིག་རྩེ་གྲ་གཏོད་རྒྱུར་ཤུགས་བརྒྱབ་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་སྣོད་བཅུད་ཁ་གསབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་དང་སྣོད་བཅུད་མ་ལག་སྲུང་སྐྱོང་བྱས་པ་རེད།

ཀྲུང་དབྱང་མི་རིགས་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་ཝུན་ཁྲང་གིས“ས་ཁོངས་དཔལ་འབྱོར་དང་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ཁོང་གིས་ཧ་ལམ་བོད་ཀྱི་ས་ཁུལ་དང་རྫོང་ཚང་མར་བསྐྱོད་པ་དང་། ད་ཕན་ལོ་ཤས་རིང་གི་བོད་ཀྱི་འགྱུར་ལྡོག་དངོས་སུ་མཐོང་ཡོད། དེ་སྔ་བོད་ཀྱི་དཔལ་འབྱོར་རྗེས་ལུས་ཆེ་ཙམ་ཡོད་པ་དང་མི་སེར་གྱི་འཚོ་བ་དཀའ་ངལ་ཆེ་ཙམ་ཡོད། ལོ་དེ་དག་རིང་འཛུགས་སྐྲུན་བྱས་པ་བརྒྱུད་བོད་ཀྱི་དཔལ་འབྱོར་སྟོབས་ཤུགས་རིམ་བཞིན་ཆེ་རུ་ཕྱིན་ནས་དེང་རབས་ལས་སྣོན་ལས་རིགས་དང་འགྲིམ་འགྲུལ་ཟོག་འགྲེམས་ལས་རིགས་བསྐྲུན་པ་མ་ཟད། སྔར་ཡོད་ཀྱི་ཞིང་འབྲོག་ལས་ལའང་འཕེལ་རྒྱས་མྱུར་པོ་བྱུང་བ་དང་མི་སེར་གྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད”ཅེས་བཤད།

དགེ་རྒན་ཆེ་མོ་བ་ཝང་ཝུན་ཁྲང་བོད་ལ་རྒྱུས་མངའ་ཡོད་པ་བཞིན་ང་ཚོས་གཞི་གྲངས་ཁག་གཅིག་ནས་ཀྱང་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་བ་སྟེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་བོད་ཀྱིGDPབསྟུད་མར་སྒོར་དུང་ཕྱུར300དང་། དུང་ཕྱུར400། དུང་ཕྱུར་500བཅས་ཀྱི་འགག་སྒོ་ཆེན་པོ་ནས་བརྒལ་བ་དང་ལོ་ལྔའི་རིང་གོམ་སྟབས་ཆེན་པོ་གསུམ་སྤོས་ཤིང་། ན་ནིང་གི་ལོ་མཇུག་ཏུ་བོད་ཀྱིGDPསྒོར་དུང་ཕྱུར600ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་མཐོང་ཐུབ།

ད་ལོའི་ཟླ1པོ་ནས་ཟླ6པའི་བར་བོད་དུ་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར287.21མངོན་འགྱུར་བྱུང་ནས་བརྟན་པོའི་ངང་འཕར་བའི་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱུང་ཡོད། བོད་ཀྱི་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར75.87ཟིན་པ་དེ་དུས་མཚུངས་ལས15.4%འཕར་ཞིང་། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར180.55ཟིན་པ་དེ་དུས་མཚུངས་ལས11.2%འཕར་ཡོད།

བོད་ཀྱི་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་ལ་ཡུན་རིང་དོ་ཁུར་བྱེད་མཁན་མཁས་དབང་ཙེང་ཅན་གྱིས“ས་ཁོངས་སྤྱི་འདོམས་ནི་རྒྱལ་དམངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་ངོ་བའི་བླང་བྱ་ཞིག་ཡིན་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་འབྲེལ་སྣུར་བསྲིང་བྱས་པ་དང་། ཉིང་ཁྲི་དང་མངའ་རིས་ཀྱི་གནམ་གྲུ་ཐང་ཤར་གཏོང་ཐུབ་པ། ནག་ཆུའི་ཟོག་འགྲེམས་ལྟེ་གནས་བསྐྲུན་ནས་བེད་སྤྱོད་བྱས་པ་བཅས་ཀྱིས་བོད་ཀྱི་ས་ཁོངས་ཆགས་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་དབུས་དང་། ཤར། ནུབ་བཅས་ཀྱི་དཔལ་འབྱོར་ས་ཁོངས་ཆེན་པོ་གསུམ་རགས་ཙམ་ཆགས་ཡོད། འོན་ཀྱང་རང་བྱུང་དང་། ས་ཁམས། ལོ་རྒྱུས་སོགས་ཀྱི་ཤུགས་རྐྱེན་ཕོག་སྟབས་དཔལ་འབྱོར་ས་ཁོངས་ཆེན་པོ་གསུམ་གྱི་ཧེ་བག་ཆེ་ཙམ་ཡོད་པ་དང་། 2020ལོར་སླེབས་སྐབས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་དུས་རབས་འདིའི་དུས་དཀྱིལ་དུ་དེང་རབས་ཅན་མངོན་འགྱུར་བྱེད་པར་ངེས་པར་དུ་དཔལ་འབྱོར་ས་ཁོངས་ཆེན་པོ་གསུམ་གྱི་འཕེལ་རྒྱས་སྤྱི་འདོམས་བྱེད་དགོས”ཞེས་བཤད་པ་རེད།

ཙེང་ཅན་གྱིས“རང་ལྗོངས་ཀྱིས་ས་ཁོངས་འཕེལ་རྒྱས་སྤྱི་འདོམས་བྱེད་པ་དེ་དུས་ཐུང་ཞིག་ནང་ས་ཁོངས་དཔལ་འབྱོར་ཧེ་བག་མེད་པ་བཟོ་རྒྱུ་དེ་མིན་ལ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་ཁོ་ན་བྱ་ཆེད་དཔལ་འབྱོར་གྱི་ཕན་འབྲས་མི་ཐོན་པ་དང་ཕན་འབྲས་དམའ་པོ་ཆགས་པ་བྱ་རྒྱུ་མིན་པར་དབུས་རྒྱུད་དཔལ་འབྱོར་ནུས་ཁུལ་གཙོ་བོ་མཐོ་རུ་བཏང་ནས་དཔལ་འབྱོར་ས་ཁོངས་ཆེན་པོ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས”པའི་ངོས་འཛིན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།