ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་ཟླ11ཚེས17ཉིན་གནས་ཚུལ་འབྱོར་གསལ། རྫོང་རྒྱབ་ཀླུ་ཁང་དུ་བཙུགས་པའི་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་གོང་ཁེའི་ཕྱིར་ཚོང་བྱ་ཡུལ་ནས་མར་ཉོ་བཞིན་ཡོད་པའི་ཨ་མ་བཀྲ་བཟང་གིས“མར་རྒྱ་མ་གང་ལ་སྒོར34དང་ཚགས་ཤ་རྒྱ་མ་རེར་སྒོར29རེད་འདུག ཁྲོམ་རའི་རིན་གོང་ལས་ཧ་ཅང་གི་ཁེ་བ་འདུག”ཅེས་བསྔགས་བརྗོད་བྱས། ལྷ་ས་གྲོང་ཁྱེར་གྱི་ཚགས་ཤ་དང་མར་གྱི་ཁྲོམ་རའི་རིན་གོང་བརྟན་པོ་དང་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་བསྐངས་ཆེད་ཉེ་ཆར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། ཁེ་ལས་ཀྱིས་འཁོར་སྐྱོད་བྱེད་པ། ཁ་གསབ་འོས་འཚམ་སྤྲོད་པ”བཅས་ཀྱི་རྣམ་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་མ་འཇོག་ཀུང་སིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་ཉེ་དུས་སི་ཁྲོན་དང་ཀན་སུའུ་ནས་ཚགས་ཤ་ཏུན130དང་མར་ཏུན20སྔོན་མངགས་བྱས་ཡོད། མིག་སྔར་ཚགས་ཤ་ཏུན80ལྷ་སར་དབོར་ཟིན་པ་མ་ཟད་ཁྲོམ་རར་བཏོན་ཟིན་པ་རེད།

ལྷ་སའི་གྲོང་ཁྱེར་མ་འཇོག་ཀུང་སིའི་ཏུང་ཧྲི་ཀྲང་འཇམ་དབྱངས་དངོས་གྲུབ་ཀྱིས་ལས་དོན་དེ་ནུས་ལྡན་ངང་སྤེལ་བའི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱ་ཆེད་གྲོང་ཁྱེར་དེ་ཡོངས་སུ་དམངས་ཕན་གོང་ཁེའི་ཚགས་ཤ་དང་མར་ཐད་ཚོང་བྱ་ཡུལ10འཛུགས་རྩིས་ཡོད་པ་དང་མིག་སྔར་དམངས་ཕན་ཕྱིར་ཚོང་བྱ་ཡུལ4དངོས་སུ་སྤྱོད་འགོ་ཚུགས་ཟིན་ཡོད་ཅེས་ངོ་སྤྲོད་བྱས། (པར་ངོས་གསུམ་པར་གཟིགས)

འདི་ནི་སེ་ར་ལྷོ་ལམ་སྤྱི་ཚོགས་ཚན་རིག་ཁང་གི་འཁྲིས་སུ་ཡོད་པའི་དམངས་ཕན་གོང་ཁེའི་ཚགས་ཤ་དང་མར་བྲིན་ཚོང་ས་ཚིགས་སུ་ལྷ་སའི་གྲོང་མིས་གོང་ཁེའི་ཚགས་ཤ་ཉོ་བའི་གནས་ཚུལ་ཡིན་པ།

 ཟླ11ཚེས16ཉིན་བར་སྐོར་ཁྲོམ་གཞུང་གི་དམངས་ཕན་ཚགས་ཤ་དང་མར་ཐད་ཚོང་བྱ་ཡུལ་དུ་ར་མོ་ཆེ་སྡེ་ཁུལ་གྱི་གྲོང་མི་ཚེ་གཡང་གིས“རང་ཉིད་ཁྱིམ་གྱི་ཚགས་ཤ་མང་ཆེ་བ་དམངས་ཕན་ཕྱིར་ཚོང་ཁང་ནས་ཉོས་པ་ཤ་སྟག་ཡིན། ཕྱི་ནས་རྒྱ་མ་རེར་སྒོར40བྱས་པ་དེར་དམངས་ཕན་ཕྱིར་ཚོང་ཁང་ནས་སྒོར29ལས་བྱེད་ཀྱི་མི་འདུག་ལ། བྲོ་བའང་ཧ་ཅང་ཞིམ་པོ་འདུག ང་ཚོ་ནང་མི་ཚང་མ་ཚགས་ཤ་དེ་ཟ་རྒྱུར་དགའ་པོ་ཡོད”ཅེས་གསར་འགོད་པར་བཤད།

འཇམ་དབྱངས་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པ་གཞིར་བཟུང་། ཟླ11ཚེས13ཉིན་སེ་ར་ལྷོ་ལམ་དང་། ཚེས་གསུམ་ཐང་ལམ། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་སོགས་སུ་གསར་དུ་བཙུགས་པའི་དམངས་ཕན་གོང་ཁེའི་ཚགས་ཤ་དང་། མར། སྔོ་ཚལ་སོགས་ཕྱིར་ཚོང་བྱ་ཡུལ་དངོས་སུ་སྤྱོད་འགོ་ཚུགས་ཡོད། སེ་ར་ལྷོ་ལམ་སྤྱི་ཚོགས་ཚན་རིག་ཁང་ཉེ་འགྲམ་གྱི་ཕྱིར་ཚོང་བྱ་ཡུལ་དུ་བགྲེས་སོང་བཀྲ་ཤིས་ཀྱིས་དམངས་ཕན་གོང་ཁེའི་ཚགས་ཤ་དང་མར་ཐད་ཚོང་བྱ་ཡུལ་རང་ཁྱིམ་གྱི་སྒོ་རྩར་བཙུགས་པས་སྟབས་བདེ་ལ་ཕན་ཐོགས་པོ་ཞིག་འདུག་ཅེས་བཤད།

འཇམ་དབྱངས་དངོས་གྲུབ་ཀྱིས“ང་ཚོས་ཉོ་སྒྲུབ་བྱས་པའི་ཚགས་ཤ་དང་མར་ཚང་མ་ས་གནས་དེ་གའི་ནད་ཡམས་རྟོག་ཞིབ་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་གཞི་ནས་ལྷ་སར་དབོར་གྱི་ཡོད། ལྷ་སར་འབྱོར་རྗེས་འབྲེལ་ཡོད་ཞིབ་བཤེར་བྱས་པ་བརྒྱུད་ཚང་མ་ཚད་དང་མཐུན་ཡོད་པས་མི་སེར་ཚོས་བློ་བདེའི་ངང་ཉོ་ཆོག”ཅེས་བཤད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།