ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག《 བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲག་འབུལ་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》(གཤམ་དུ་བསྡུས་མིང་ལ《བྱ་ཐབས》ཞེས་བརྗོད་རྒྱུ)ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས། རིན་མེད་ཁྲག་འབུལ་དང་། ཁྲག་བསྡུ་ཁྲག་འདོན། ནད་ཐོག་སྨན་བཅོས་ཁྲག་སོགས་ཐད་འབྲེལ་ཡོད་གཏན་འབེབས་བྱས་ཤིང་། 《བྱ་ཐབས》དེ་2016ལོའིཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

དུས་ཡུན་རིང་པོའི་ནང་། སྲོལ་རྒྱུན་གྱི་འདུ་ཤེས་དང་དམིགས་བསལ་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཕོག་སྟབས། རང་ལྗོངས་སུ་ཟུངས་ཁྲག་མཁོ་སྤྲོད་འདང་གི་མེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། རང་ལྗོངས་ཀྱི་སྨན་བཅོས་ཁྲག་སྤྱོད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པས། ཁྲག་འབུལ་ཐད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཅིག་བཏོན་པ་དང་། རིན་མེད་ཁྲག་འབུལ་ལ་སྐུལ་མ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་རེད།

《བྱ་ཐབས》ཀྱི་གཏན་འབེབས་ལྟར། རང་སྐྱོང་ལྗོངས་ཀྱིས་ཁྲིམས་ལྟར་རིན་མེད་ཁྲག་འབུལ་ལམ་ལུགས་ལག་བསྟར་བྱས་ནས། ལོ་18ནས55བར་གྱི་གཟུགས་གཞི་ཐང་བའི་སྤྱི་དམངས་ཀྱིས་རང་མོས་ཁྲག་འབུལ་དར་སྤེལ་བཏང་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་། དམག་སྐུལ་དང་ལེན་ཞུ་མཁན་གྱི་དམག་མི། ཁེ་ལས་དང་བྱ་ལས་ཀྱི་ལས་བཟོ། མཐོ་སློབ་སློབ་མ་བཅས་ཀྱིས་སྔོན་ལ་རིན་མེད་ངང་ཁྲག་འབུལ་རྒྱུར་སྐུལ་མ་བཏང་བ་རེད། རིན་མེད་ཁྲག་འབུལ་རྒྱུའི་སྤྱི་དམངས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་ཆེད། 《བྱ་ཐབས》ནང་རིན་མེད་ཁྲག་འབུལ་བར་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་ལུགས་ཁ་གསལ་བཏོན་ཡོད། དེའི་ནང་རིན་མེད་ཁྲག་སྦྱིན་མཁན་ལ་ནད་ཐོག་ཁྲག་སྤྱོད་སྐབས་རིན་མེད་ཁྲག་སྦྱིན་གྱི་ལག་ཁྱེར་ལ་བརྟེན་ནས་སྔོན་ལ་ཁྲག་སྤྱོད་ཆོག་པ་དང་། ཁྲག་སྦྱིན་ནས་ལོ་ལྔའི་ནང་ཚུན་དུ་ཁྲག་སྦྱིན་ཚད་ཀྱི་ལྡབ་གསུམ་ཙམ་གྱི་ནད་ཐོག་ཁྲག་སྤྱོད་ཀྱི་གྲོན་དངུལ་འཇལ་མི་དགོས་པ། ལོ་ལྔ་སོང་རྗེས་ཁྲག་སྦྱིན་ཚད་དང་མཚུངས་པའི་ནད་ཐོག་ཁྲག་སྤྱོད་ཀྱི་འགྲོ་གྲོན་འཇལ་མི་དགོས་པ། རིམ་རྩིས་བྱས་ན་ཁྲག་སྦྱིན་ཚད་ཧའོ་ཧྲེང་600ཡན་དང་ཁྲག་རིགས་དཀོན་པ་ཁྲག་སྦྱིན་མཁན་རིགས་ལ་ཆ་མཚོན་ན་ཚེ་གང་རིང་ནད་ཐོག་ཁྲག་སྤྱོད་ཀྱི་གྲོན་དངུལ་འཇལ་མི་དགོས་པ། བཟའ་ཟླ་དང་ཐད་ཀའི་གཉེན་ཚན་ལ་ཁྲག་སྦྱིན་ཚད་དང་མཚུངས་པའི་ནད་ཐོག་ཁྲག་སྤྱོད་ཀྱི་འགྲོ་གྲོན་འཇལ་མི་དགོས་པ་སོགས་ཚུད་ཡོད།

《བྱ་ཐབས》ནང་ཟུངས་ཁྲག་མཁོ་འདོན་ས་ཚིགས་ཀྱིས་ཁྲག་འཚོལ་བསྡུ་བྱེད་སྐབས་ངེས་པར་དུ་ཁྲག་ལེན་བཀོག་སྤྱོད་ཀྱི་འབྲེལ་ཡོད་སྒྲིག་སྲོལ་དང་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། ཁྲག་མ་ལེན་གོང་ཁྲག་སྦྱིན་མཁན་གྱིས་རང་མོས་ངང་ཁྲག་འབུལ་ཚད་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། ཁྲག་སྦྱིན་མཁན་གྱིས་ཐེངས་རེར་ཁྲག་སྦྱིན་ཚད་སྤྱིར་བཏང་བྱས་ན་ཧའོ་ཧྲེང་200ཡིན་པ་དང་། མང་ཤོས་ལ་ཧའོ་ཧྲེང་400ལས་བརྒལ་མི་ཆོག་པ་དང་། འབོར་ཚད་ལས་བརྒལ་བའི་ཁྲག་ལེན་རྒྱུ་གཏན་འགོག་བྱེད་དགོས། ཁྲག་སྦྱིན་མཁན་གྱིས་ཁྲག་སྦྱིན་པའི་བར་མཚམས་ལ་ཟླ་བ་6ལས་མི་ཉུང་བ་དགོས་པ་དང་། འཕྲུལ་འཁོར་ལ་བརྟེན་ནས་ཁྲག་ལེབ་ཆུང་བ་འཚོལ་བསད་བྱེད་པའི་བར་མཚམས་ལ་ཉིན་28ལས་མི་ཉུང་པ་དགོས་པ་དང་ཁྲག་ཡང་ཡང་ལེན་རྒྱུ་གཏན་འགོག་བྱ་དགོས་ལུགས་གཏན་འབེབས་བྱས་ཡོད།

《བྱ་ཐབས》ནང་རིན་མེད་ཁྲག་འབུལ་གྱི་ལག་ཁྱེར་ལ་སུབ་བཅོས་བྱེད་པ་དང་། ནང་བཤུག་གཏོང་བ། བོགས་མར་གཏོང་བ། གཞན་ལ་གཡར་བ་བཅས་དང་། ཟུངས་ཁྲག་མཁོ་འདོན་ས་ཚིགས་ཀྱི་བཀོལ་སྤྱོད་སྒྲིག་ལམ་དང་ལམ་ལུགས་ལས་བརྒལ་ནས་ཁྲལ་ལེན་པ། ནད་ཐོག་སྨན་བཅོས་ཀྱི་ཁྲག་བླུགས་པའི་འབྲེལ་ཡོད་ལག་རྩལ་དང་ཚད་གཞི་ལས་བརྒལ་བ་བཅས་ལ་ཆ་མཚོན་ན། རྒྱལ་ཁབ་ཀྱི་གཏན་འབེབས་དང་ཚད་གཞི་དང་མི་མཐུན་པར་ཁྲག་ནད་པར་སྤྱོད་པའི་བྱ་སྤྱོད་ལ་བབ་མཐུན་ཆད་པ་གཅོད་ཐབས་བཟོ་རྒྱུ་དང་། ཉེས་གསོག་དོགས་ཅན་པ་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱིས་ཆ་སྙོམས་བྱས་ན་ལོ་རེར་ཁྲག་ལེན་ཚད་ཏུན་ཁྲི་1.2ཟིན་པ་དང་། ཉིན་རེར་རིགས་འདྲ་མིན་གྱི་དགོས་མཁོའི་སྤྱི་འབོར་ནི་སྡེ་ཚན་20ནས30བར( སྡེ་ཚན་རེ་ལ་ཧའོ་ཧྲེང་200ཡིན་པ) ཡིན། སྨན་ཁང་ཁག་གི་ཁྲག་སྤྱོད་དགོས་མཁོར་བརྟག་དཔྱད་བྱས་པའི་འབྲས་བུའི་ཐོག་ནས་མངོན་པར་གཞིགས་ན། ཉེ་བའི་ལོ་ཤས་ནང་རང་ལྗོངས་སུ་ཁྲག་སྤྱོད་ཚད་མགྱོགས་མྱུར་འཕར་བ་དེའི་ནང་དཀོན་ཤོས་ནི་ཁྲག་Bརིགས་དང་Oརིགས་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།