ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས3ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་སྐལ་བཟང་དབང་ཕྱུག་དང་། སྐལ་བཟང་སྒྲོལ་དཀར། སྤེན་པ། པད་མ་དབྱངས་ཅན། སུང་ཡུས་ཀང་སོགས་རང་ལྗོངས་ཀྱི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་5ལ་མཇལ་འཕྲད་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ལྔར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བྱམས་བརྩེའི་མཇལ་འཕྲད་གནང་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཁོང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བྱམས་བརྩེའི་ངང་མཇལ་འཕྲད་གནང་རྗེས་རང་ལྗོངས་ཀྱི་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་འཐུས་མི་ལྔ་མཚན་སྙན་གྱིས་འཕྱུགས་བཞིན་བོད་དུ་ཕྱིར་ལོག་བྱས། གོང་ཚེས་ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་སྐལ་བཟང་དབང་ཕྱུག་དང་། སྐལ་བཟང་སྒྲོལ་དཀར། སྤེན་པ། པད་མ་དབྱངས་ཅན། སུང་ཡུས་ཀང་སོགས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ལྔར་མཇལ་འཕྲད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཇལ་འཕྲད་ཐོབ་པའི་སྐལ་བཟང་དབང་ཕྱུག་དང་། སྐལ་བཟང་སྒྲོལ་དཀར། སྤེན་པ། པད་མ་དབྱངས་ཅན། སུང་ཡུས་ཀང་བཅས་ཀྱིས་དགའ་སྤྲོའི་སེམས་པ་གནོན་མི་ཐུབ་པར་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཇལ་འཕྲད་གནང་སྐབས་ཀྱི་གནས་ཚུལ་དྲན་གསོ་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དང་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ལྔ་ལ་སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། ཁོང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་གནང་བ་རེད། ཁྲེན་ཆོན་གོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་66འཁོར་བའི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཛད་བྲེལ་ཆེ་ཡང་རང་ལྗོངས་ཀྱི་འཐུས་མི་ལྔ་ཚུད་པའི་རྒྱལ་ཡོངས་ཀྱི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་13ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གྲངས་ཉུང་མི་རིགས་སྤུན་ཟླར་བྱམས་བརྩེའི་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལྷག་པར་དགའ་གཅེས་གནང་ལུགས་མཚོན་པ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་མཐུན་ཐོག་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་ཐུན་མོང་གི་འབོད་སྒྲ་མཚོན་ལ་མི་རིགས་ཁག་ཀུན་སེམས་གཅིག་སྒྲིལ་དང་ཁྲག་རྒྱུན་འབྲེལ་བའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་ཡོད་ཅེས་གསུངས་པ་རེད།

ཁྲེན་ཆོན་གོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རང་ལྗོངས་ཀྱི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ལྔར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དེ་འཐུས་མི་ལྔ་པོའི་བདེ་སྐྱིད་དང་གཟི་བརྗིད་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་སྐུལ་ལྕག་གནང་བ་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་དྲོ་སྐྱིད་ཚོར་བ་དང་། སྙིང་སྟོབས་རབ་འཕེལ། སྐུལ་ལྕག་ཆེན་པོ་ཐེབས་པ། བཀའ་དྲིན་ཚོར་བ་བཅས་ཁྱེད་ཚོ་དང་འདྲ་བར་བདེ་སྐྱིད་དང་དགའ་སྤྲོའི་རྣམ་པའི་ཁྲོད་གནས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོ་ངེས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་སྒུལ་ཤུགས་སུ་བྱས་ཏེ་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་སྲ་བརྟན་དང་མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ལྡན་པའི་བོད་གསར་སྐྲུན་རྒྱུར་ཤུགས་སྣོན་རྒྱག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་པ་ཞིག་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལྟ་བུར་བརྩི་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་རྒྱུའི་རང་རྟོགས་རང་བཞིན་དང་། བློ་བརྟན་འགྱུར་མེད། འོས་འགན་སེམས་པ། འགན་འཁྲིའི་སེམས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་རིགས་མཐུན་སྒྲིལ་གྱི་སྔོན་སྐྱོད་པ་ཞིག་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྣེ་འཁྲིད་ནས་སྒྲོག་འགྲེལ་བྱེད་པ་དང་། སྣེ་འཁྲིད་ནས་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་བ། སྣེ་འཁྲིད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བ། སྣེ་འཁྲིད་ནས་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་སྟོན་མཁན་ཞིག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་ཁྱབ་པ་བྱས་ཏེ་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་དང་། དྲང་ནུས་དར་སྤེལ། མིག་དཔེ་ཡག་པོ་འདོན་པ་བཅས་བྱེད་པ་དང་འབྲེལ་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་དེ་ཁེ་ཕན་མཐོ་ཤོས་སུ་བརྩིས་ཏེ་རང་ཉིད་ཀྱི་གཏམ་སྤྱོད་ཐོག་ནས་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་། མང་ཚོགས་ལ་སྐུལ་ལྕག་གཏོང་བ། མང་ཚོགས་ལ་ཤུགས་རྐྱེན་ཐེབས་པ་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་མི་རྣམས་ཀྱིས་ཐུགས་ཁུར་དང་། མི་རྣམས་ཞུགས་པ། མི་རྣམས་ཀྱིས་རྒྱབ་སྐྱོར་བཅས་བྱེད་པའི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་མཁན་ཞིག་བྱས་ཏེ་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་གནས་སའི་གྲོང་ཚོར་གཞི་ཚུགས་ཏེ་བྱེད་ཐབས་སྣ་མང་གི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཚོས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུར་དྲིལ་བསྒྲགས་སྐུལ་སློང་དང་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བྱ་སྤྱོད་གཅིག་མཐུན་བཅས་ཡོང་བ་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་རྡོག་རྩ་གཅིག་སྒྲིལ་དང་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་ཞིག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་སུ་སྒྱུར་བ་བྱས་ནས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་བཀོད་སྒྲིག་བླང་བྱ་ལག་ལེན་བྱས་ཏེ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་པ་ཇི་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་མི་རིགས་ལས་དོན་གྱི་སྔོན་ཐོན་དཔེ་བཟང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་མཁན་གྱི་སྟོབས་ཤུགས་ཤིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།