ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་30ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་ནས་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཁྲེན་ཆོན་གོ་དང་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཏའུ་ཡུས་ཧྥེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་རེད།

ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་ལས་དོན་ཚོགས་ཆུང་གིས་བོད་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། སེམས་ཁུར་དང་རྒྱབ་སྐྱོར། མཛུབ་ཁྲིད་ནུས་ལྡན་བཅས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་ལས་དོན་ཚོགས་ཆུང་གིས་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། སྤྱོད་ཚུལ་ཏན་ཏིག་ཡོད་པ། རང་འགུལ་ངང་ལས་དོན་སྤེལ་བ་བཅས་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་གེགས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བར་གེགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དང་ཕྱོགས་ཁག་གི་རོགས་སྐྱོར་སྟོབས་ཤུགས་ལ་སེམས་འགུལ་ཆེན་པོ་དང་སྐུལ་ལྕག་ཟབ་མོ་ཐེབས་ཡོད་ཅེས་གསུངས་པ་རེད།

ཁྲེན་ཆོན་གོས་ནེ་པ་ལར་ས་ཡོམ་དྲག་པོ་རིམ་པ་8.1བརྒྱབ་པ་དེ་རང་ལྗོངས་ཀྱི་མཐའ་མཚམས་དང་བར་ཐག་ཉེ་སྟབས་རང་ལྗོངས་ལ་ཤུགས་རྐྱེན་ཐེབས་རྒྱ་ཆེ་བ་དང་གྱོང་གུན་ཚབས་ཆེན་བཟོས་ཁར་རོགས་སྐྱོབ་ཀྱི་དཀའ་ཚད་ཆེན་པོ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཙུང་ལི་གཞོན་པ་ཀྲང་ཀའོ་ལི་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ། རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ། དུས་མཚམས་རྗེས་མའི་ཡོམ་འགོག་གེགས་སེལ་ལས་དོན་ལ་བླང་བྱ་གསལ་པོ་བཏོན་པ་བཅས་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་གེགས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མི་དམངས་ལ་ཐུགས་བརྩེ་འཆང་བའི་བླ་ན་མེད་པའི་བསམ་ཚུལ་གང་ལེགས་མཚོན་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་མཚོན་པ་བཅས་ཀྱིས་ལྗོངས་ཡོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་སྒུལ་ཤུགས་ཧ་ཅང་ཆེན་པོ་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཐུན་སྦྱོར་མཉམ་འགུལ་དང་། གཅིག་གྱུར་བཀོད་སྒྲིག གཅིག་གྱུར་ཐོག་བྱ་སྤྱོད་སྤེལ་བ་བཅས་བྱས་པ་དང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཧྲིལ་པོ་ཛ་དྲག་ལྡན་པ་དང་། ཚན་རིག་དང་མཐུན་པ། གོ་རིམ་ལྡན་པ་བཅས་རེད། དེ་སྔའི་ས་ཡོམ་ནང་དུས་ཐོག་ཏུ་མང་ཚོགས་ཕྱིར་འཐེན་བྱེད་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་འདོན་སྤེལ་གང་ལེགས་བྱས་པ་དང་དུས་ཚོད་མགྱོགས་ཤོས་ནང་མང་ཚོགས་ཕྱིར་འཐེན་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཡོམ་འཕྲོ་རྒྱག་སྐབས་མི་སྣ་ཤི་རྨས་ཡོང་རྒྱུ་ལས་ནུས་ལྡན་ངང་གཡོལ་བ་རེད། ལྷག་པར་དུ“ཁེར་ཆགས་གླིང་ཕྲན”འགྲམ་གྲོང་རྡལ་གྱི་གཞུང་ལམ་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་དང་དུས་ཚོད་ཐུང་ཤོས་ནང་ཉེན་གྱར་མང་ཚོགས་ཚང་མ་བདེ་འཇགས་ལྡན་པའི་སྒོ་ནས་གཞིས་རྩེ་དང་ལྷ་རྩེ་སོགས་སུ་བཀོད་སྒྲིག་འོས་འཚམ་བྱས་པས་ཡོམ་འགོག་གེགས་སེལ་གྱི་བརྒྱུད་རིམ་ནང་ཞོར་སྐྱོན་ཐོན་སྐབས་མི་སྣ་བསྐྱར་དུ་ཤི་རྨས་བྱུང་མེད་ཅེས་བསྟན་པ་རེད།

ཏའུ་ཡུས་ཧྥེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡིད་ཆེས་བརྟན་དུ་གཏོང་བ་དང་མཁྲེགས་གཏོར་དཀའ་སེལ་བྱས་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་མུ་མཐུད་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། གཅིག་ནས་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་མུ་མཐུད་འཚོལ་སྐྱོབ་བྱེད་པ་དང་རྨས་མ་སྐྱོབ་བཅོས་ལས་དོན་གང་ལེགས་བསྒྲུབས་ནས་སྐྱོན་ཅན་དུ་མི་གྱུར་བ་དང་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། གཉིས་ནས་གེགས་བར་བྱུང་བའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ལས་དོན་མུ་མཐུད་ཡག་པོ་སྒྲུབ་ནས་གེགས་ཁུལ་མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་སོགས་གཞི་རྩའི་འཚོ་བ་འགན་སྲུང་ནུས་ལྡན་ཡོང་བ་བྱེད་དགོས། མང་ཚོགས་ལ་འཚོ་བའི་རོགས་སྐྱོར་དང་། རྩལ་ནུས་གསོ་སྦྱོང་། སེམས་ཁམས་གསོ་བ་སོགས་ཀྱི་ལས་དོན་སྒྲུབ་རོགས་བྱེད་པ་དང་ལྷག་པར་དུ་མེ་ཟོན་དང་། རིམས་འགོག སྔོན་འགོག་ཚོད་འཛིན་སོགས་བདེ་འཇགས་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོ་སྣང་བྱེད་དགོས་པ། གསུམ་ནས་ཞོར་སྐྱོན་ལ་དོགས་ཟོན་བྱེད་པ་དང་། གནོད་འཚེའི་མི་མངོན་པའི་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན་དང་། རིམ་བཤེར། བཅོས་སྐྱོང་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡོམ་འགོག་གེགས་སེལ་ལས་དོན་མི་སྣ་དང་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པ་བྱེད་དགོས་པ། བཞི་ནས་གེགས་བར་གྱི་གནས་ཚུལ་བརྟག་དཔྱད་ཞིབ་བསྡུར་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་གནོད་འཚེའི་གྱོང་གུན་ལ་ཚོད་སྐོར་དང་བསྐྱར་གསོ་བསྐྱར་སྐྲུན་བྱེད་ཆེད་རྨང་གཞི་ཡག་པོ་འདིང་བ་དང་། བསྐྱར་གསོ་བསྐྱར་སྐྲུན་ལ་མཁོ་བའི་མ་དངུལ་དང་། མི་ཤུགས། ལག་རྩལ། འཛུགས་སྐྲུན་རྒྱུ་ཆ། སྒྲིག་བཀོད་སོགས་ཀྱི་གྲ་སྒྲིག་ཡག་པོ་བྱ་རྒྱུ་གང་མགྱོགས་འགོ་འཛུགས་དགོས་པ། ལྔ་ནས་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། མང་ཚོགས་ལ་ཐོན་སྐྱེད་རང་སྐྱོབ་བྱ་རྒྱུའི་སྐུལ་མ་གཏོང་བ་བཅས་བྱས་ནས་ཕྱོགས་མང་པོས་རྒྱབ་སྐྱོར་དང་མཉམ་ཤུགས་གེགས་སེལ་གྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས་པ་བཅས་རེད་ཅེས་ནན་བཤད་གནང་བ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།