མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གཙོ་གནད་གནའ་གཞུང་ཉར་ཚགས་བྱེད་མཁན་ཚན་པ་དྲུག་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-12-06 11:03

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་།རང་སྐྱོང་ལྗོངས་ཀྱི་གཙོ་གནད་གནའ་གཞུང་ཉར་ཚགས་ཚན་པའི་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་འགོ་ཚུགས་པ་དེ་ཐོག་ནས་ཕོ་བྲང་པོ་ཏ་ལ་སོགས་རང་ལྗོངས་ཀྱི་གཙོ་གནད་གནའ་གཞུང་ཉར་ཚགས་ཚན་པ་6ལ་ཡོངས་ཁྱབ་ཞིབ་བཤེར་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་པ་མཚོན་ཞིང་།གསར་འགོད་པས་གསོ་སྦྱོང་འཛིན་གྲྭའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།མིག་སྔར་རང་ལྗོངས་ཀྱི་མངའ་རིས་དང་།ནག་ཆུ།ཉིང་ཁྲི་བཅས་ས་ཁུལ་གསུམ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལེགས་གྲུབ་ཟིན་པ་དང་།ལྷོ་ཁ་ས་ཁུལ་དང་ལྷ་ས་གྲོང་ཁྱེར་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ནས་ལྗོངས་ཡོངས་ཀྱི་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོབ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་།དེའི་ཁྲོད་མངའ་རིས་ས་ཁུལ་དེ་ཉིད་རྒྱལ་ཡོངས་ཀྱི་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བའི་གྲངས་ཉུང་མི་རིགས་ས་ཁུལ་ཐོག་མ་དེར་གྱུར་བ་རེད།

    རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བ་དེས་བོད་ཀྱི་རིག་གནས་ཤུལ་བཞག་མྱུར་སྐྱོབ་སྲུང་སྐྱོབ་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གལ་ཆེའི་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད་པ་རེད།ད་རེས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བའི་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དང་།ནོར་བུ་གླིང་ཁ་དོ་དམ་ཁྲུའུ།བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་།བོད་ལྗོངས་ཡིག་ཚགས་ཁང་།ས་སྐྱ་དགོན།འབྲས་སྤུངས་དགོན་སོགས་ཚན་པ་6ལ་བརྗོད་ཀྱིས་མི་ལངས་པའི་རྩ་ཆེའི་གནའ་གཞུང་མང་དག་ཅིག་ཡོད་པ་དེ་དག་ནི་རང་ལྗོངས་ཀྱི་གནའ་གཞུང་ཉར་ཚགས་བྱེད་མཁན་ཚན་པ་མང་པོའི་ཁྲོད་ཀྱི་གནའ་གཞུང་ཉར་ཚགས་ཕུན་སུམ་ཚོགས་ཤོས་དང་རིགས་མང་ཤོས་ཀྱི་ཉར་ཚགས་ཚན་པ་ཤ་སྟག་ཡིན།ད་རེས་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོབ་ལྟེ་གནས་ཀྱིས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་ཞུས་ཀྱིས་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་འཆད་ཁྲིད་བྱས་ཏེ་རིན་ཐང་སྒོར་ཁྲི་15ཙམ་རི་བའི་ཡོངས་ཁྱབ་ཞིབ་བཤེར་གྱི་སྒྲིག་ཆས་སྤྲད་པས་ཡོངས་ཁྱབ་ཞིབ་བཤེར་མི་སྣའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དོན་དངོས་བཀོལ་སྤྱོད་ཀྱི་འཇོན་ཐང་ཆེ་རུ་ཤུགས་ཆེན་ཕྱིན་ནས་རང་ལྗོངས་ཀྱི་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོབ་ལས་དོན་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

    དཔྱད་གཞིའི་ཡིག་ཆ་ལས་མངོན་གསལ།རྒྱལ་ཡོངས་སུ་ད་ཆ་བོད་ཡིག་གནའ་གཞུང་གི་རིགས་བསྡོམས་འབོར་ཁྲི་བརྒྱ་ཡན་ཡོད་པའི་ཁྲོད་གསུམ་ཆ་གཉིས་ཙམ་བོད་དུ་ཉར་ཚགས་བྱས་ཡོད་མོད།འོན་ཀྱང་རྒྱུ་རྐྱེན་མང་པོའི་དབང་གིས་བོད་ཀྱི་གནའ་གཞུང་གི་ད་ཆའི་གནས་སྟངས་ཁ་གསལ་པོ་མེད་པ་དང་གནའ་གཞུང་སྲུང་སྐྱོབ་ཀྱི་ལས་འགན་ཧ་ཅང་ལྕི་ཁར་དེའི་ཐད་ཀྱི་ཤེས་ལྡན་མི་སྣ་དཀོན་པོ་ཡོད།2008ལོ་ནས་བཟུང་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་།རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་རྩ་ཆེའི་གནའ་གཞུང་དང་ཚད་ལྡན་ཡིག་ཆར་ཡོངས་ཁྱབ་ཞིབ་བཤེར་མཐིལ་བཤེར་དང་།ཐོ་འགོད་ཡིག་ཚགས་འཛུགས་པ།གྲུབ་འབྲས་དཔེ་སྐྲུན།མིང་གཞུང་གོང་ཞུ་སོགས་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་།གནའ་གཞུང་ཉམས་གསོ་དང་གྲངས་གཞི་ཅན་ལ་འགྱུར་བ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ཡོད།དེའི་རྨང་གཞིའི་ཐོག་འདི་ལོ་རང་ལྗོངས་ཀྱིས་སླར་ཡང་ཆབ་མདོ་དང་གཞིས་རྩེ་ས་ཁུལ་གཉིས་སུ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་ནས་གནའ་གཞུང་སྲུང་སྐྱོབ་ཚན་པ་4ཡི་ཉར་ཚགས་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་ཡོད་པ་རེད།

    དེ་དང་ཆབས་ཅིག་བོད་ལྗོངས་གནའ་གཞུང་སྲུང་སྐྱོབ་ལྟེ་གནས་སེ་ར་དགོན་དང་གཙུག་ལག་ཁང་གནའ་གཞུང་ལེགས་སྒྲིག་ཁང་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོབ་ལྟེ་གནས་ཀྱི་དོ་དམ་རིམ་པའི་ནང་བཅུག་ནས《བོད་ཡིག་གི་གནའ་གཞུང་རགས་བཤད》དང་།《འབྲི་གུང་བཀའ་རྒྱུད་ཀྱི་གནའ་གཞུང་ཚད་ལྡན་ཡིག་ཆའི་དཀར་ཆག》 《བོད་ལྗོངས་མངའ་རིས་ཀྱི་རྩ་ཆེའི་གནའ་གཞུང་དཀར་ཆག》སོགས་གནའ་གཞུང་སྲུང་སྐྱོབ་ཞིབ་འཇུག་གི་དཔེ་དེབ་རྩོམ་སྒྲིག་དཔེ་སྐྲུན་བྱས་ཡོད།སེ་ར་དགོན་དང་གཙུག་ལག་ཁང་གནའ་གཞུང་ལེགས་སྒྲིག་ཁང་གི་འགན་འཁུར་བ་ཚེ་རིང་གིས་སྒྲིག་གཞི་དེས་ལོ་ལྟར་ཆ་སྙོམས་གནའ་གཞུང་ཚད་ལྡན་ཡིག་ཆ་ཁག་10གྲངས་གཞི་ཅན་ལ་འགྱུར་བ་བྱེད་པའི་ལས་དོན་ལེགས་སྒྲུབ་བྱེད་ཀྱི་ཡོད་པ་དེ་དག་གསུང་རབ་དང་།ཚད་མ་རིག་པ།ལོ་རྒྱུས།རྩོམ་རིག་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད།མིག་སྔའི་བར་རང་ལྗོངས་ཀྱི་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོབ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད།

    གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་གྱི་གསོ་སྦྱོང་ནང་ཞུགས་མཁན་འབྲས་སྤུངས་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་གསར་འགོད་པར།འབྲས་སྤུངས་དགོན་གྱིས་གནའ་གཞུང་སྲུང་སྐྱོབ་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཧ་ཅང་ཆེན་པོ་བྱས་ནས་དགོན་སྡེས་ཉར་ཚགས་བྱས་པའི་བོད་ཡིག་གི་གནའ་གཞུང་ཚད་ལྡན་ཡིག་ཆའི་གྲངས་འབོར་ཧ་ཅང་མང་བ་དང་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད།ལོ་རྒྱུས་དང་།ཆོས་ལུགས།མཚན་ཉིད་རིག་པ།གསོ་བ་རིག་པ་སོགས་ཚུད་པའི་རིགས་བཅུ་གྲངས་ཀྱི་གནའ་གཞུང་ཚད་ལྡན་ཡིག་ཆ་ཁྲི་བརྒྱ་ཡན་ཟིན་ཡོད་ཅེས་གསུངས་ཤིང་།ཁོང་གིས་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ནི་བྱས་རྗེས་དེང་འདིར་བཞག་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པ་བྱེད་པ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་ཕན་ཡོན་དཔག་མེད་ཀྱི་རིག་གནས་འདུ་འགོད་གལ་ཆེན་ཞིག་ཡིན།དེར་བརྟེན་ད་རེས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེ་ལ་དཀའ་ཚེགས་ཧ་ཅང་ཆེ་བ་དང་ཞིབ་ཚགས་པའི་ལས་དོན་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད།འབྲས་སྤུངས་དགོན་གྱིས་ད་རེས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་བརྒྱུད་དགོན་སྡེའི་ཁོངས་སུ་གཏོགས་པའི་གནའ་གཞུང་གི་གཞི་གྲངས་མཐིལ་བཤེར་རགས་ཙམ་ཐུབ་པ་བྱས་ཏེ་ཅུང་འཐུས་སྒོ་ཚང་བའི་གནའ་གཞུང་སྲུང་སྐྱོབ་ལས་དོན་གྱི་མ་ལག་ཅིག་རིམ་བཞིན་འཛུགས་དགོས།དེ་དང་ཆབས་ཅིག་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བ་དང་བསྟུན་ནས་འབྲས་སྤུངས་དགོན་གྱི་གནའ་གཞུང་ཚད་ལྡན་ཡིག་ཆའི་རྩ་ཆེའི་པར་ལེན་པར་གཞི་དང་གྲངས་གཞི་ཅན་ལ་འགྱུར་བ་བྱེད་པའི་ལས་དོན་ལེགས་སྒྲུབ་བྱ་རྒྱུའི་རེ་བ་བཏོན་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག