ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་ཆབ་མདོ་ས་ཁུལ་གྱིས་ས་ཁུལ་དེ་ཡོངས་ཀྱི་དགེ་རྒན་གྱི་བྱང་ཚད་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། ཆབ་མདོ་ས་ཁུལ་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་དང་རིག་ནུས་ཀྱི་འགན་སྲུང་མཁོ་འདོན་བྱས་པར་དོན་ངོ་མའི་ཕན་འབྲས་ཐོན་ཡོད་པ་རེད། ད་ལོའི་ཚུན་དུ་ཆབ་མདོ་ས་ཁུལ་གྱིས་དགེ་རྒན་དཔུང་ཁག་ལ་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་སྟེ་འབྲེལ་ཡོད་ཀྱི་སློབ་ཁྲིད་དོ་དམ་ཆུ་ཚད་མཐོ་རུ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་ཧུར་ཐག་བཏང་བ་རེད།
སྤྱི་ཟླ11པའི་ཟླ་མཇུག་བར་ཆབ་མདོའི་སློབ་གསོ་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སྦྱོང་བརྡར་ནང་ཞུགས་མཁན་སྤྱིའི་མི་གྲངས2400ཙམ་ཟིན་པའི་ནང་རྒྱལ་ཁབ་ཀྱི་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས542ཟིན་པ་དང་། རང་སྐྱོང་ལྗོངས་ཀྱི་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས180ཟིན་པ། བོད་སྐྱོར་སྦྱོང་བརྡར་རྣམ་གྲངས་ནང་ཞུགས་མཁན་རྐང་འཛིན་དགེ་རྒན156ཡོད་པ། རྫོང་ཁག་གི་སློབ་གསོ་ཅུས་ནས་ས་ཁུལ་ཐད་གཏོགས་སློབ་གྲྭར་ལྟ་སྐོར་སློབ་སྦྱོང་བྱེད་པར་སྐྱོད་མཁན་མི་གྲངས200ཟིན་པ་བཅས་རེད། ཆབ་མདོ་ས་ཁུལ་གྱིས་འབྲེལ་ཡོད་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ནང་ས་ནས་དགེ་རྒན་ནང་འདྲེན་ཧུར་ཐག་བྱས་ནས་སློབ་གསོའི་ཁོངས་གཏོགས་ལ་རྒྱུན་ཆད་མེད་པར་སྟོབས་ཤུགས་གསར་པ་ཁ་སྣོན་བྱས་པ་དང༌། ཆབ་མདོའི་སློབ་གསོའི་བྱ་གཞག་གི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུ་འགན་སྲུང་བྱས་པ་རེད།
སྤྱི་ཟླ11པའི་ཟླ་མཇུག་བར་ཆབ་མདོ་ས་ཁུལ་གྱིས་ནང་སའི་སློབ་གྲྭ་ཆེ་གྲས་ཁག་ནས་དགེ་རྒན12ནང་འདྲེན་བྱས་པ་དང་དུས་མཚུངས། རང་ས་ཁུལ་གྱི་དགེ་རྒན་ས་ཆ་གཞན་ལ་འགྲོ་རྒྱུ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་དགེ་རྒན་ལུགས་མཐུན་ངང་སྐོར་སྐྱོད་ཐུབ་པ་བྱས་པ་དང༌། དམིགས་བསལ་གྱི་དཀའ་ངལ་ཡོད་པ་དང་རྒྱུན་ལྡན་གྱི་ལས་གནས་སྤོ་འགྱུར། མཐུན་པའི་དགེ་རྒན་ལ་བསམ་གཞིགས་གང་ལེགས་བྱས་ནས་དགེ་རྒན་གྱི་དཔུང་ཁག་བརྟན་དུ་དང་ལེགས་སུ་བཏང་བ་མ་ཟད། ལུགས་མཐུན་གྱི་སློབ་གྲྭའི་རོགས་སྐྱོར་ལམ་སྲོལ་དང་དགེ་རྒན་གྱི་སྐོར་སྐྱོད་ལམ་སྲོལ་བཙུགས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།