མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱི་ཆེད་མཁས་པའི་ཞབས་ཞུ་ཚོགས་ཆུང་གིས་གཞི་རིམ་དུ་སློབ་གསོ་སོགས་ཀྱི་གཤམ་སྤེལ་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-12-01 11:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་ཆེད་མཁས་པ་བརྒྱ་ལས་གྲུབ་པའི་ཞབས་ཞུའི་ཚོགས་ཆུང30ཙམ་གྱིས་གཞི་རིམ་དུ་གཟབ་སྐྱོད་ཀྱིས་ཚན་རྩལ་དང་སློབ་གསོ། སྨན་བཅོས། སྲིད་ཇུས་བཅས་གཤམ་སྤེལ་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་གཞི་རིམ་གྱི་ས་གཙང་ཐོན་ལས་གོང་འཕེལ་དང་སློབ་གསོ་གོང་འཕེལ། འཕྲོད་བསྟེན་གོང་འཕེལ། སྲིད་ཇུས་ཁྲིམས་ལུགས་ཁྱབ་གདལ་བཅས་ཀྱི་དཀའ་གནད་བཞི་ཐག་གཅོད་བྱེད་རོགས་བྱས་པ་རེད།

 བྱེད་སྒོའི་ནང་ཆེད་མཁས་པའི་ཞབས་ཞུའི་ཚོགས་ཆུང་གིས་རྫོང་བརྒྱད་ཀྱི་འདེབས་འཛུགས་གསོ་ཚགས་རྟེན་གཞི་དང་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང༌། དྲོད་ཁང་བཅས་ལྔ་བཅུར་གཟབ་སྐྱོད་ཀྱིས་ཁེ་ལས་གཞི་ཁྱོན་ཅན་གྱི་གོང་འཕེལ་དང་དེང་རབས་ཅན་གྱི་དོ་དམ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་མཛུབ་ཁྲིད་བྱས་ཏེ། གནད་དོན་ཐག་གཅོད་དང་ལྡོག་འདྲེན་གྱི་ལམ་སྲོལ་འཛུགས་རོགས་བྱས་པ། རྫོང་གི་ཁེ་ལས་ལག་རྩལ་མི་སྣ་དང་། ཞིང་ལས་དང་ནགས་ལས་ཀྱི་ལག་རྩལ་མི་སྣ། འདེབས་འཛུགས་དང་གསོ་སྤེལ་གྱི་སྤྱོད་གོ་ཆོད་པའི་མི་སྣ་བཅས300ཙམ་ལ་མཛུབ་ཁྲིད་ཞབས་ཞུ་བྱས་པ་རེད།

 ཆེད་མཁས་པའི་ཞབས་ཞུ་ཚོགས་ཆུང་གིས་ད་དུང་རྫོང་ཁག་ཏུ་སློབ་གསོ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་ཏེ་རིགས་ཁག་གི་སློབ་གྲྭ་བཅུ་ལྷག་ཙམ་གྱི་མི་ཐེངས150ཙམ་ལ་ཞབས་ཞུ་བྱས་པ་དང་། གཙོ་གནད་ཐོག་སློབ་གྲྭའི་རྒྱུན་གཏན་དོ་དམ་དང་ཀུན་སྤྱོད་སློབ་གསོའི་ལས་ཀ། དགེ་རྒན་དོ་དམ་སོགས་ཀྱི་ལས་དོན་དང་དམ་པོར་བསྟུན་ནས་ས་གནས་ས་ཐོག་གི་མཛུབ་ཁྲིད་བྱས་པས། གཞི་རིམ་སློབ་གྲྭའི་མངོན་ཆ་ཆེ་ས་དང་ཁྱད་ཆོས་ཤེས་རྟོགས་ཐུབ་པ་མ་ཟད་གནས་མུས་ཡིན་པའི་གནད་དོན་ཐད་མཛུབ་ཁྲིད་དང་རོགས་རམ་བྱས་པ་རེད།

འཕྲོད་བསྟེན་སྨན་བཅོས་ཆེད་མཁས་པའི་ཚོགས་ཆུང་གིས་ཤང་གྲོང་རྡལ་ཁག་གི་ན་ཚ་བསྟེན་དཀའ་བ་དང་ན་ཚ་བསྟེན་པར་སྨན་རིན་མཐོ་བ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བའི་གནད་དོན་དང་དམ་པོར་བསྟུན་ནས། དཔེ་སྟོན་སློབ་ཁྲིད་དང་ཆེད་དོན་འཆད་ཁྲིད་བྱས་པ་མ་ཟད་རྫོང་དང་ཤང་གི་སྨན་དོན་མི་སྣ་འཁྲིད་རོགས་བྱས་པ་དང་། རྫོང་སྨན་ཁང་ལ་ནད་ཁང་ཞིབ་བཤེར་དང་ནད་གཞི་བརྟག་དཔྱད་སོགས་ཀྱི་རྒྱུན་ལྡན་ལས་སྒོའི་ལས་དོན་སྤེལ་རོགས་བྱས་པ་མ་ཟད། ཤང་གྲོང་རྡལ12སུ་གཟབ་སྐྱོད་བྱས་ཏེ་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

 གཞན་ཡང་། ལྷ་སའི་སྲིད་ཇུས་ཁྲིམས་སྲོལ་རིགས་གཅིག་མཁས་ཅན་རྫོང་ཁག་ཏུ་གཟབ་སྐྱོད་ཀྱིས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་སྒྲོག་འགྲེལ་ཐེངས ༢༠ ལྷག་ཙམ་བྱས་པ་དང་། གཞི་རིམ་གྱི་ཏང་སྲིད་དང་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་དོན་པ1000ཙམ་ལ་ཞབས་ཞུ་བྱས་པས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག