ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆུ་ཤུར་རྫོང་གིས་གནད་ལ་འཕིགས་པའི་དབུལ་སྐྱོར་བྱེད་རྒྱུ་དམ་འཛིན་བྱེད་སར་འཛིན་ནས་དམངས་འཚོ་ལེགས་བཅོས་བྱེད་པའི་ལས་དོན་ཁག་ཡག་པོ་སྒྲུབ་ཡོད་པ་རེད། ད་ལོ་ཆུ་ཤུར་རྫོང་གིས་ཏང་ཡོན་ལས་བྱེད་པས་དུད་ཚང90རོགས་སྐྱོར་བྱེད་རྒྱུ་བཀོད་སྒྲིག་བྱས་ནས། དབུལ་ཕོངས་དུད་ཚང20ལ་སྡོད་ཁང་གསར་རྒྱག་བྱེད་རོགས་བྱས་པ་དང༌། དབུལ་ཕོངས་དུད་ཚང70ལ་དོན་དངོས་ཀྱི་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཡོད། དེ་དང་ཆབས་ཅིག་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་ནས་དབུལ་ཕོངས་དུད་ཚང་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
ད་བར་རྫོང་དེས་དུད་ཚང་གི་གསོ་ཚགས་རྣམ་གྲངས་བདུན་དང༌གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ལྔ། འདེབས་འཛུགས་རྣམ་གྲངས་བཞི་བཅས་ལག་བསྟར་བྱས་པ་དང༌། དབུལ་ཕོངས་མང་ཚོགས་ཀྱིས་ཕྱུགས་ཟོག་མགོ་གྲངས1000ལྷག་དང་ཁྱིམ་བྱ་ཁྲི་ཁ་ལོན་པ་གསོ་ཚགས་དང་རྒྱ་སེའི་མེ་ཏོག་སོགས་དཔལ་འབྱོར་ལོ་ཏོག་མུའུ2000ལྷག་འདེབས་འཛུགས་བྱེད་རོགས་བྱས་ནས། ཞིང་དུད་དབུལ་འགྲོལ་ཕྱུག་འགྱུར་གྱི་ཕྱོགས་སུ་གོམས་སྟབས་བརྟན་པོ་ཞིག་སྤོ་རྒྱུར་ཁྲིད་སྟོན་བྱས་པ་རེད། གཞན་ཡང༌། ད་ལོ་ཆུ་ཤུར་རྫོང་གིས་རིགས་ཁག་གི་སྦྱོང་བརྡར་ཐོན་ཁུངས་ལེགས་སྒྲིག་བྱས་པ་དང༌། གཅིག་བསྡུས་ཐོག་སློབ་ཚན་འཁྲིད་པ་དང་ས་གནས་ས་ཐོག་ཏུ་ལྟ་སྐོར་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཕྱུག་འགྱུར་གྱི་ཆ་འཕྲིན་དང་དངོས་སྤྱོད་ལག་རྩལ་མང་ཚོགས་ཚོའི་སྒོ་འགྲམ་དུ་བསྐྱལ་ཏེ། ཞིང་དུད་ཀྱིས་ཞིང་ལས་ཐོན་སྐྱེད་དང་འབྲེལ་བའི་ཁ་ཚ་དགོས་གཏུག་གི་ལག་རྩལ་ཁོངས་སུ་ཆུད་པ་བྱེད་རྒྱུར་རོགས་རམ་བྱས་ནས་རང་ངོས་གོང་འཕེལ་གྱི་ནུས་པ་ཆེ་རུ་བཏང་བ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།