མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀོང་པོའི་ལོ་གསར་སླེབས་ལ་ཉེ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-11-14 11:30

ཉིང་ཁྲི་ས་ཁུལ་གྱི་སྨན་གླིང་རྫོང་དང་ཉིང་ཁྲི་རྫོང་ལ་བོད་ཁུལ་གྱི་ལོ་གསར་ནང་ནས་སྔ་ཤོས་ཀོང་པོའི་ལོ་གསར་གཏོང་སྲོལ་ཡོད། ད་ལོའི་ཀོང་པོའི་ལོ་གསར་ནི་བོད་ཟླ10པའི་ཚེས1སྟེ་སྤྱི་ཟླ11པའི་ཚེས25ཉིན་ཡིན།

བཤད་རྒྱུན་ལ། སྔོན་ཀོང་པོའི་ཁུལ་དུ་ཡང་བོད་ཁུལ་གཞན་དག་དང་འདྲ་བར་བོད་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལོ་གསར་གཏོང་བ་ཡིན། འོན་ཀྱང་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་ཀོང་པོ་ས་ཁུལ་ལ་བྱང་ཕྱོགས་ཧོར་གྱིས་ཚུར་རྒོལ་བྱས་པ་ན། ཀོང་པོ་ཨ་སྐྱིད་རྒྱལ་པོས་ལམ་སེང་སྐྱེས་པ་རྣམས་དམག་ཏུ་བསྡུས་ནས་དམག་འཐབ་དུ་བསྐྱོད་མགོ་བརྩམས་པའི་ཚེ། རྒྱལ་པོས་དམག་དཔོན་དང་འཐབ་འཛིང་བ་རྣམས་ཀྱི་སེམས་གསོ་ཆེད་དུ་ལོ་གསར་སྔོན་ལ་གཏོང་རྒྱུ་བཀའ་བཏང་ནས་འཐབ་མོ་བ་རྣམས་ལ་ཟས་རིགས་ཅི་དགར་ལོངས་སུ་སྤྱོད་དུ་བཅུག་རྗེས་ད་གཟོད་ལམ་ལ་ཆས་རྒྱུ་བྱས།

མཐའ་མར་སེམས་དོན་དེ་འགྲུབ་པའི་དམག་དཔོན་རྣམས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་སྟོབས་རྩལ་ཅི་ཡོད་བཏོན་ནས་དགྲ་ཕྱོགས་ཕམ་པར་བརྒྱབ་ནས་རྒྱལ་ཁ་བླངས། དེ་ནས་བཟུང་ཀོང་པོའི་ལོ་གསར་བོད་ཟླ10པའི་ཚེས1ཉིན་གཏོང་བའི་གོམས་སྲོལ་འདི་ད་ལྟའི་བར་དུ་མཆིས། ཀོང་པོའི་ལོ་གསར་སྐབས་ཁྱི་ལ་མར་དང་། ཤ་སྤགས་སོགས་གང་སྟེར་ཡང་ཁྱིས་སྔོན་ལ་གང་ཟས་ན་ལོ་རྗེས་མར་དེ་ཡག་པོ་ཡོང་བར་བརྩི་གི་ཡོད།

ཁྱིས་ཟས་རྗེས་ཁྱིམ་མི་རྣམས་སྐོར་སྐོར་དུ་བསྡད་ནས“སྐྱིད་ཟླ”ཞེས་གཡོས་སྦྱོར་ཞིག་ཡོད། དེ་ནི་མར་དང་འོ་མ། གྲོ་ཞིབ་བཅས་ལས་གྲུབ་པ་དང་རྒྱུག་པའི་སྟེང་དུ་བརྒྱུས་ནས་བཀྲག་པ་ཞིག་ཡིན། དེ་ཇི་ཙམ་གྱིས་མང་བ་ཟས་ན་དེ་ཙམ་ཀྱིས་ལེགས་པར་བརྩི་བཞིན་ཡོད། གང་ཡིན་ཟེར་ན། གདོན་འདྲེས་རང་ཉིད་སྒལ་པར་འཁྱེར་ཐུབ་ཀྱི་མེད་ཟེར་བ་རེད།

ད་དུང་ཉིན་མོར་སྐྱེས་པ་རྣམས་རྟ་རྒྱུག་མདའ་འཕེན་དང་། བི་ཤུ། སྦེ་ག ཤེད་རྡོ། གྲིའི་རྣོ་ཆོད་སོགས་འགྲན་བསྡུར་སྣ་ཚོགས་སྤེལ་གྱི་ཡོད་པ་དང་བུད་མེད་རྣམས་ཁ་གཅིག་གིས་རྟ་རྒྱུག་མདའ་འཕེན་སོགས་ཀྱི་བྱེད་སྒོར་རྟེན་འབྲེལ་ཞུ་བའི་མཆོད་ཆང་བཀྱགས་པ་དང་། གླུ་གཞས་གཏོང་བ། ཁ་བཏགས་བསྒྲོན་པ་སོགས་བྱེད་སྒོའི་ཞབས་ཞུའི་ལས་ཀ་བྱེད་ཀྱི་ཡོད་པ་ལས་གཞན་ད་རུང་མཉམ་འཛོམས་ཀྱིས་རྩེད་འཇོ་ལ་རོལ་གྱི་ཡོད།

མཚན་མོར་མེ་ཕུང་བརྒྱབ་སྟེ་བྲོ་འཁྲབ་སྲོལ་ཡོད་པ་དང་། བྲོ་འཁྲབ་སར་མདོང་མོའམ་ཡང་ན་ཟངས་སོགས་ཆང་སྣོད་ཆེན་པོ་བཞག་སྟེ། བྲོ་འཁྲབ་པར་ཡོང་མཁན་མི་རེ་རེ་བཞིན་ནས་ཆང་ཤུག་ཁྲ(ཆང་སྣོད)གང་རེ་ཁྱེར་ཡོང་ནས་དེར་བླུགས་པ་དང་། ཡང་མི་རེ་རེ་བཞིན་ཤིང་ཁྲེས་པ་རེ་རེ་ཁྱེར་ཡོང་ནས་བྲོ་འཁྲབ་རིང་མེ་གཏོང་བྱེད་སྲོལ་ཡོད། བྲོ་འཁྲབ་མཁན་མང་ཙམ་ཞིག་འཛོམས་རྗེས་མེ་ཕུང་མཐར་བསྐོར་ནས་བྲོ་འཁྲབ་བཞིན་ཆང་འཐུང་བ་དང་། སྤྱིར་ན་མཚན་མོ་ས་རུབ་པ་ནས་བྲོ་འཁྲབ་འགོ་བརྩམས་ནས་ནམ་ཕྱེད་ཙམ་བར་དང་། སྐབས་འགར་ཕྱི་ཉིན་ནམ་ལངས་བའི་བར་དང་ཐ་ན་ཉིན་མཚན་ཁ་ཤས་སྦྲེལ་ནས་འཁྲབ་སྲོལ་ཡང་ཡོད།

ཀོང་པོའི་ལོ་གསར་ལ་རོལ་རྩེད་སྣ་ཁ་མང་ཞིང་ཟས་རིགས་དང་ཚང་མའི་ཐད་ནས་ཀྱང་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག