ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས12ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ(བོད་ལྗོངས་པར་དབང་ཅུའུ)ཡིས་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས་པ་རེད། དེ་ལས་བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་བོད་ལྗོངས་གསར་འགྱུར་པར་སྐྲུན་ཅུའུ་ཡིས་ལས་ཁུངས་བཅོས་བསྒྱུར་བྱེད་པ་དང་བྱེད་ནུས་འགྱུར་ལྡོག་བྱུང་བའི་འབྲེལ་ཡོད་བྱ་བ་ཐོག་མར་ལེགས་འགྲུབ་བྱུང་སྟེ། བྱེད་ནུས་གསར་བ་ལག་བསྟར་བྱེད་བཞིན་པ་མཚོན།
བོད་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས་རྗེས། བོད་ལྗོངས་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་བོད་ལྗོངས་པར་དབང་ཅུའུ་ཡི་སྒོ་བྱང་ཡང་འགེལ་རྒྱུ་ཡིན་ཏེ། བརྩམས་ཆོས་ཀྱི་པར་དབང་དོ་དམ་ཕྱོགས་ནས་པར་དབང་ཅུའུ་ཡི་མིང་གི་ཚུལ་དུ་འགན་དབང་སྤྱོད་དགོས། བོད་ལྗོངས་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་ཡིན་ཞིང་། ནང་ཁུལ་དུ་སྡེ་ཁག14བཀོད་སྒྲིག་བྱས་ཏེ། ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་གཞི་ཁོངས་སུ་ཚུད་པའི་ལས་གནས84བཅས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།