མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལུགས་གསོ་རིག་བོད་ལྗོངས་ཀྱི་་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ཁྲོད་བཅུག

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-11-07 10:45

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞུང་ཕྱོགས་ནས་བོད་ལུགས་གསོ་རིག་དང་བོད་སྨན་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཤང་གྲོང་ཚང་མར་ཁྱབ་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་མ་ལག་འཛུགས་པ་དང་། གྲུབ་ཆ་སྣ་མང་དང་། ཞིབ་འཇུག ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་བྱས་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་རྣམ་པ་གཏོད་པ། མང་ཚོགས་དང་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་རྒྱུ་ཡིན་པ་བཅས་ཀྱི་དམིགས་འབེན་ཆེན་པོ་གསུམ་བཏོན།

བོད་ལུགས་གསོ་རིག་འཕེལ་རྒྱས་ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་ནི་བོད་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་ཐོན་ཁུངས་གལ་ཆེན་ཡིན་པ་དང་། ཁྱད་ལྡན་དཔལ་འབྱོར་ཐོན་ཁུངས། གསར་གཏོད་ཚན་རྩལ་གྱི་ཐོན་ཁུངས་གལ་ཆེན་བཅས་ཡིན་པས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བར་དོན་སྙིང་ཆེན་པོ་ལྡན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་བོད་ལྗོངས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་མ་ལག་ཁྱོན་ཡོངས་སུ་ཁྱབ་ཐུབ་པ་འགན་ལེན་བྱས་ཏེ་བོད་ལུགས་སྨན་རྩིས་ཁང་དེ་རྒྱལ་ཁབ་ནད་ཐོག་ཞིབ་འཇུག་རྟེན་གཞི་དང་། རྒྱལ་ཡོངས་བོད་ལུགས་གསོ་རིག་ལྟེ་གནས། རྒྱལ་ཡོངས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ལྟེ་གནས་བཅས་སུ་གཏོད་རྒྱུར་ཧུར་བརྩོན་བྱ་རྒྱུ་ཡིན་ཅེས་གསུངས།

གཞན་ཡང་བློ་བཟང་རྒྱལ་མཚན་གྱིས་གང་མགྱོགས་ངང་བོད་ལུགས་གསོ་རིག་ཚན་རྩལ་ཞིབ་འཇུག་གྲུབ་འབྲས་དེ་དོན་དངོས་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་དང་། བོད་སྨན་ཐོན་རྫས་ཁེ་ལས་རིམ་པ་སྤོར་བར་སྣེ་ཁྲིད་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་། བོད་ལུགས་གསོ་རིག་གཞུང་ལུགས་ལེགས་སྒྲིག་བྱེད་པ། བོད་ལུགས་གསོ་རིག་གི་རིག་དངོས་དང་། ཚད་ལྡན་ཡིག་ཆ། གནའ་ཤུལ་སྲུང་སྐྱོབ་སོགས་ཀྱི་ལས་དོན་ཁག་ལ་ཤུགས་བསྣན་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལེགས་ལ་མྱུར་བའི་ངང་གོང་འཕེལ་བྱུང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག