མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་སྐྱོར་ལས་དོན་སྤེལ་བ་ལས་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-04 10:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ20རིང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་ཀྱིས་མ་འཇོག་བྱེད་རྒྱུ་ཁ་གསབ་བྱེད་པ་དང་ཐོན་ལས་ཀྱིས་ཁྲིད་སྟོན་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་མ་དངུལ་དང་རྣམ་གྲངས་བཀོད་སྒྲིག་ཐད་གཞི་རིམ་ལ་ལྟ་རྟོགས་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས། རིམ་བཞིན་ཕན་ཚུན་རོགས་ལས་བྱེད་པའི་ལམ་སྲོལ་ནུས་ལྡན་ཞིག་ཆགས་པ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

ལོ་ངོ20རིང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་ཀྱིས་བློ་ཁོག་ཆེན་པོས་གསར་གཏོད་དང་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་བྱས་ནས། རྒྱུན་ཆད་མེད་པར་ལས་ཀའི་ལམ་སྲོལ་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་དཔལ་འབྱོར་གྱིས་བོད་སྐྱོར་བྱེད་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། དེང་སྐབས་ཀྱི་དགོས་མཁོ་སྐོང་ཐུབ་ལ་མ་འོངས་པའི་གོང་འཕེལ་དང་འཚམས་པའི་སྲིད་ཇུས་བཏོན་པ་དང་། ས་ཆ་དེ་གའི་དོན་དངོས་དང་འཚམས་ལ་ཁག་སོ་སོར་ཁྱད་ཆོས་ལྡན་པའི་བྱ་ཐབས་ལག་བསྟར་བྱས་ནས་རིམ་བཞིན་ཕྱོགས་རྐྱང་མའི་གཞན་བརྟེན་ནས་གཞན་བརྟེན་བར་དང་། རང་སྟོབས་འཕེལ་བ་བྱེད་རྒྱུ་གཉིས་ཀ་གཙོ་བོ་འཛིན་རྒྱུར་འགྱུར་བ་བཏང་བ་མ་ཟད་རིམ་བཞིན་ཕྱོགས་རྐྱང་མའི་རོགས་སྐྱོར་བྱེད་པ་ནས་ཕྱོགས་གཉིས་ཀར་ཕན་པ་ཡོང་བ་བྱེད་རྒྱུར་གོང་འཕེལ་བཏང་བ་རེད། འབྲེལ་ཡོད་བསྡོམས་རྩིས་ཀྱི་གྲངས་གཞིའི་ཐོག་ནས་སྤྱི་ལོ2013ལོར་རང་ལྗོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར807ཟིན་པ་དེ་དུས་མཚུངས་པ་ལས12.1%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་བཞི་དང་ཚགས་བཞི་མཐོ་བ་ཡོད་པ་དང་འཕར་སྣོན་མྱུར་ཚད་རྒྱལ་ཡོངས་དང་། ནུབ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར12ནང་གི་ཨང་གསུམ་པར་སླེབས་པ་དང་སྤྱི་ལོ2010ལོ་ནས་བཟུང་ལྗོངས་ཡོངས་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་རིམ་བཞིན་སྒོར་དུང་ཕྱུར400དང་དུང་ཕྱུར500། དུང་ཕྱུར600། དུང་ཕྱུར700། དུང་ཕྱུར800བཅས་ལས་བརྒལ་ནས་མུ་མཐུད12%ཡན་གྱི་འཕར་སྣོན་མྱུར་ཚད་རྒྱུན་འཁྱོངས་བྱུང་བ་དང་བསྟུད་མར་ལོ་ལྔར་སྒོར་དུང་ཕྱུར་བརྒྱ་རེ་འཕར་སྣོན་བརྟན་པོ་བྱུང་བ་རེད། གྲངས་གཞི་རིམ་འཕར་བྱུང་བའི་ནང་དཔལ་འབྱོར་བོད་སྐྱོར་གྱི་ལེགས་སྐྱེས་འདུས་ཡོད་པ་དང་། ལོ་ངོ20རིང་རོགས་སྐྱོར་བྱེད་པ་དང་རང་སྟོབས་འཕེལ་བ་བྱེད་པའི་སྒུལ་ཤུགས་གཉིས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་མཆོང་སྐྱོད་གསར་པ་ཡང་ཡང་ཡོང་བ་བྱེད་རྒྱུར་སྐུལ་་འདེད་བཏང་བ་རེད། དཔལ་འབྱོར་བོད་སྐྱོར་ལས་བྱུང་བའི་གནམ་ས་བློ་འོག་བསྒྱུར་བ་ལྟ་བུའི་འགྱུར་བའི་ཐད་ལྗོངས་ཡོངས་ཀྱི་མང་ཚོགས་ལ་མྱོར་ཚོར་ཟབ་ཤོས་བྱུང་བ་དང་སྐད་ཆ་ཤོད་དབང་ཆེ་ཤོས་ལྡན་ཡོད་པ་རེད།

ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་གི་འབྲོག་པ་བཀྲ་ཤིས་ཀྱིས་གསར་འགོད་པར། ད་ཆ་སྡོད་ཁང་རྒྱ་ཆེ་བ་དང་གཞུང་ལམ་ཤར་གཏོང་ཐུབ་པ། འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་བྱུང་བ་དེ་དག་ཏང་གི་སྲིད་ཇུས་བཟང་པོ་དང་བོད་སྐྱོར་ལས་བྱེད་པ་ཚོའི་བཀའ་དྲིན་རེད་ཅེས་བཤད་པ་དང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ལན་པོ་གྲོང་ཚོའི་འབྲུ་རིགས་འདེབས་འཛུགས་ཀྱི་ཚན་རྩལ་འཇོན་ཐང་ཅན་བློ་བཟང་ཡར་འཕེལ་གྱིས་ཁ་གཏད་བོད་སྐྱོར་བྱས་པས་གནམ་ལ་རྟེན་ནས་ཞིང་ཁ་འདེབས་པ། གནམ་ལ་རྟེན་ནས་ཕྱུགས་རིག་གསོ་བའི་ཐོན་སྐྱེད་བྱ་ཐབས་འགྱུར་བ་བྱུང་བ་དང་ལྷག་པར་དུ་སྐྲུན་རོགས་བྱས་པའི་ཞིང་ལས་ཆུ་བེད་ལས་གཞིས་ང་ཚོར་ཞིང་ལས་ཐོན་སྐྱེད་བྱེད་རྒྱུར་སྔོན་འགྲོ་དང་འགན་སྲུང་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།

ལོ་ངོ20རིང་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་གི་ཁེ་ལས་ཁག་གིས་དམངས་འཚོར་ལེགས་སུ་འགྲོ་ཐབས་བྱེད་པ་དང་དམངས་འཚོའི་སེམས་ཁྲལ་སེལ་ནས་དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབ་སར་རྩིས་ནས་དཔལ་འབྱོར་བོད་སྐྱོར་གྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་ནས། རྒྱུན་ཆད་མེད་པར་རང་ལྗོངས་ཀྱི་དམངས་འཚོ་བྱ་གཞག་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམ་པ་རེད།

ཉེ་བའི་ལོའི་ནང་ཀོང་ཏུང་དང་ཧྥུ་ཅན། ཅེ་ལིང་། ཧེ་ལུང་ཅང་། ཐན་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་དེ་སྔོན་གྱི་བོད་སྐྱོར་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ས་ཆ་དེ་གའི་དགེ་མཚན་ལྡན་པའི་ཐོན་ཁུངས་གསར་སྤེལ་དང་སྔོགས་འདོན་གཏིང་ཟབ་བྱས་ནས་མ་རྩ་ནང་འདྲེན་ཧུར་ཐག་བྱེད་པ་དང་ས་ཆ་དེ་གའི་ཁེ་ལས་གསོ་སྐྱོང་བྱེད་པ་སོགས་བྱ་ཐབས་བརྒྱུད་རྒྱུན་ཆད་མེད་པར་རོགས་སྐྱོར་བྱེད་ཡུལ་ས་ཁུལ་གྱི་ལས་ཞུགས་གཞི་ཁྱོན་ཆེ་རུ་བཏང་སྟེ། ས་ཆ་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་རྒྱུར་རོགས་རམ་བྱས་པ་རེད།

ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་གོང་གྲོང་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་གྲགས་པས། བོད་སྐྱོར་ལས་བྱེད་པས་ང་ཚོར་རིག་ནགས་ཐང་ཆེན་སོགས་རྨང་གཞི་སྒྲིག་བཀོད་སྐྲུན་རོགས་བྱས་པ་མ་ཟད། ད་དུང་ང་ཚོས་ཡུལ་སྐོར་ཐོན་ལས་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་སྤོ་བསྒྱུར་བྱེད་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཆ་རྐྱེན་སྐྲུན་ཡོད་པ་རེད་ཅེས་བཤད་པ་རེད། དཔལ་འབྱོར་བོད་སྐྱོར་གྱིས་མི་རིགས་ཁག་གི་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་དངོས་ཐོབ་པ་བྱས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཡོང་འབབ་ཀྱང་ལོ་རེ་བཞིན་ཇེ་མཐོར་ཕྱིན་ཡོད་པ་རེད།

བསྡོམས་རྩིས་རྒྱབ་པར་གཞིགས་ན། སྤྱི་2013ལོར་རང་ལྗོངས་ཞིང་འབྲོག་མང་་ཚོགས་ཀྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ15%འཕར་སྣོན་བྱུང་བ་དང་སྒོར6578ཟིན་ནས་བསྟུད་མར་ལོ11་གྲངས་གནས་གཉིས་འཕར་སྣོན་བྱུང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གཏོད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག