མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་བདེ་སྡོད་བཟོ་སྐྲུན་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-27 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་བྱ་བའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2011ལོར་ལག་བསྟར་བྱེད་འགོ་ཚུགས་པའི་རོང་འབྲོག་པའི་དབུལ་ཕོངས་ཁྱིམ་ཚང་ཁྲི2.2ཀྱི་བདེ་སྡོད་བཟོ་སྐྲུན་མིག་སྔར་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། ལས་གཞི་དེ་ལས་ཁེ་ཕན་ཐོབ་པའི་དབུལ་ཕོངས་རོང་འབྲོག་པ་མི་ཁྲི10ལྷག་སྡོད་ཁང་གསར་བ་རུ་གནས་སྤར།

བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་བྱ་བའི་གཞུང་སྒྲུབ་ཁང་གི་ཏང་ཅུའུ་ཧྲུའུ་ཅི་ཆོས་ཉི་གཡང་འཕེལ་གྱིས་བཤད་རྒྱུར། དབུལ་ཕོངས་རོང་འབྲོག་པའི་བདེ་སྡོད་བཟོ་སྐྲུན་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5.5བཏང་ཡོད་དེ། དེ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་བོད་ལྗོངས་ཀྱི་དམངས་འཚོའི་དབུལ་སྐྱོར་བཟོ་སྐྲུན་ཆེན་པོ་བརྒྱད་ཀྱི་ནང་གསེས་ཡིན་ལ། བཟོ་སྐྲུན་དེས་བོད་ལྗོངས་ཀྱི་ས་རྒྱ་ཆེ་ཞིང་ས་གཤིས་སྣ་མང་ཡིན་པའི་ཁྱད་ཆོས་དང་སྦྲགས་ཏེ། བོད་ལྗོངས་ཀྱི་ས་ཁུལ་སོ་སོས་ས་གནས་ལྟར་བཀོད་སྒྲིག་དང་། འབྲོག་པའི་བདེ་སྡོད་ལས་གཞི། གཅིག་བསྡུས་ངང་བདེ་བཀོད་བྱེད་པ། ས་གནས་གཞན་དུ་གནས་སྤར་བ། མཉམ་དུ་བསྲེས་ནས་སྡོད་པ་བཅས་ཀྱི་བྱེད་ཐབས་བེད་སྤྱད་དེ། ཕན་ནུས་ལྡན་པའི་སྒོ་ནས་དབུལ་ཕོངས་རོང་འབྲོག་པའི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་ཡོད་ཟེར།

རྒྱུས་ལོན་ལྟར་ན། བཟོ་སྐྲུན་འདི་ལས་དབུལ་ཕོངས་ཁྱིམ་ཚང་རེ་རེར་སྒོར12000ནས་སྒོར25000བར་མི་འདྲ་བའི་སྡོད་ཁང་བསྐྲུན་པའི་ཁ་གསབ་རོགས་དངུལ་རྩིས་སྤྲོད་བྱས་པ་མ་ཟད། ཚོང་རའི་དངོས་ཟོག་རིན་གོང་གི་འགྱུར་ལྡོག་ལྟར། རོང་འབྲོག་ཁྱིམ་ཚང་རེར་སྒོར5000ཡི་གནོད་འགོག་ཁ་གསབ་རོགས་དངུལ་གནང་། དེ་མིན་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར2300མན་ཡིན་པའི་བོད་ལྗོངས་ཀྱི་དབུལ་ཕོངས་རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་བྱེད་པར་སྐྱེད་ཀའི་ཚད1.08%ཅན་གྱི་དབུལ་སྐྱོར་དངུལ་བུན་གཏོང་ཆོག་སྟེ། དེ་ནི་རྒྱལ་ཡོངས་ཀྱི་སྐྱེད་ཀ་གཏོང་ཚད་ཆེས་དམའ་བའི་དངུལ་བུན་ཡིན་པ་རེད།  །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག