མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་གཉིས་རིང་ཆབ་མདོ་ས་ཁུལ་གྱིས་དམངས་འཚོའི་ཐད་མ་དངུལ་སྒོར་དུང་ཕྱུར150ཙམ་བཏང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-23 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས21ཉིན། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་དམངས་འཚོའི་བཟོ་སྐྲུན་བཅུ་གཉིས་ལག་བསྟར་བྱེད་པའི་གནས་ཚུལ་སྐོར་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལྷ་ས་གྲོང་ཁྱེར་ནས་བསྡུས་ཤིང་། ཆབ་མདོ་ས་ཁུལ་སྲིད་གཞུང་གི་ཆེད་གཉེར་པ་མཱ་ལིན་ཐན་དང་། ཆབ་མདོ་ས་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཀྲིན་ཐའོ། ཆབ་མདོ་ས་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་རྡོ་རྒྱལ་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་སྙན་ཞུ་གནང་།

མཱ་ལིན་ཐན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཆབ་མདོ་ས་ཁུལ་གྱིས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དོན་དངོས་བཅུ་ལེགས་པོར་སྒྲུབ་པའི་སྤྱིའི་བཀོད་སྒྲིག་དང་འབྲེལ་ཡོད་བླང་བྱ་ལྟར། དམངས་འཚོའི་བཟོ་སྐྲུན་བཅུ་གཉིས་ལག་བསྟར་བྱེད་པར་ཤུགས་སྣོན་བྱས་ཏེ། ཕྱོགས་ཡོངས་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཀྱི་དམིགས་འབེན་ཇེ་མཐོར་བཏང་། དེ་མིན་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། རྩ་འཛུགས་ནན་མོ་བྱེད་པ། དངོས་འབེབས་བྱ་བ་ནན་གྱིས་བཟུང་སྟེ། ཆབ་མདོ་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་ཞིང་། བདེ་སྐྱིད་དམིགས་ཚད་ཀྱང་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད། བསྡོམས་རྩིས་བྱས་པའི་འབྲེལ་ཡོད་གཞི་གྲངས་ལྟར་ན། 2012ལོ་ནས་བཟུང་དམངས་འཚོའི་བཟོ་སྐྲུན་བཅུ་གཉིས་ལག་བསྟར་བྱས་པའི་རིང་ལ། བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར149.69བཏང་སྟེ། རིགས་སོ་སོའི་དམངས་འཚོའི་རྣམ་གྲངས2285ལག་བསྟར་བྱས། དེའི་ནང་། 2012ལོར་མ་དངུལ་སྒོར་དུང་ཕྱུར40.4བཏང་བ་ལེགས་འགྲུབ་བྱུང་ཞིང་། རིགས་སོ་སོའི་དམངས་འཚོའི་རྣམ་གྲངས649ལག་བསྟར་བྱས། 2013ལོར་མ་དངུལ་སྒོར་དུང་ཕྱུར58.04བཏང་བ་ལེགས་འགྲུབ་བྱུང་ཞིང་། རིགས་སོ་སོའི་དམངས་འཚོའི་རྣམ་གྲངས705ལག་བསྟར་བྱས། 2014ལོར་མ་དངུལ་སྒོར་དུང་ཕྱུར85.5གཏོང་རྩིས་ཡོད་པ་དང་། ཟླ9བའི་ཟླ་མཇུག་བར་དུ། དངུལ་གཏོང་སྒོར་དུང་ཕྱུར51.25ལེགས་འགྲུབ་བྱུང་སྟེ། རིགས་སོ་སོའི་དམངས་འཚོའི་རྣམ་གྲངས931བཅས་ལག་བསྟར་བྱས་པ་རེད།

ཁྱབ་བསྒྲགས་ཚོགས་འདུ་སྟེང་། ཆབ་མདོ་ས་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཱ་ལིན་ཐན་དང་། ཝང་ཀྲིན་ཐའོ། རྡོ་རྒྱལ་བཅས་ཀྱིས་མ་དངུལ་དངོས་འབེབས་བྱ་བར་ཁག་ཐེག་དང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་ཐབས། སློབ་ཆེན་སློབ་མའི་ལས་ཞུགས་བྱ་བ་བཅས་ཀྱི་གནད་དོན་ཐད་ནས་གསར་འགོད་པས་དྲི་བར་ལན་བཏབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག