མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྲོལ་རྒྱུན་བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་པོ་ཏི800ཙམ་གྲངས་འཛིན་ཅན་དུ་མངོན་འགྱུར་བྱུང་།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-10-15 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཚན་རྩལ་ཐིན་གྱིས་སྒྲིག་འཛུགས་དང་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དང་། དཔེ་སྟོན་འཛུགས་སྐྲུན་གྱི་ལས་གཞིར་ཆེད་མཁས་པས་ཞིབ་དཔྱད་རྩིས་ལེན་བྱས་པ་དེས་དུས་རབས་བརྒྱད་པའི་ཚུན་གྱི་དཔེ་རྒྱུན་དཀོན་པ་དང་། རྩ་ཆེའི་དཔེ་ཆ་ཁག་ཚུད་པའི་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གྱི་ཚད་ལྡན་ཡིག་ཆ་པོ་ཏི800ཙམ་གྲངས་འཛིན་ཅན་དང་དྲ་ངོས་ནས་འཚོལ་བཤེར་བྱེད་ཐུབ་པ་མཚོན་ཡོད་ལ། དུས་མཚུངས་དུས་མཚམས་གཉིས་པའི་བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དང་དཔེ་སྟོན་འཛུགས་སྐྲུན་གྱི་ལས་གཞི་ཡང་མིག་སྔར་འགོ་ཚུགས་ཟིན་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དང་དཔེ་སྟོན་འཛུགས་སྐྲུན་ལས་གཞི་དེ་བོད་རང་སྐྱོང་ལྗོངས་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་ཁང་དང་། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་ཁང་། ཁྲེང་ཏུའུ་ཚད་ལྡན་ཡིག་ཆ་གསང་འཕྲིན་ལྟེ་གནས་བཅས་ཀྱི་མཉམ་དུ་འགན་འཁུར་བྱས་ཡོད་པ་རེད། ལས་གཞི་དེ་ལོ་གཉིས་མ་ཟིན་ཙམ་གྱི་དུས་ཚོད་ནང་བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་འཚོལ་བཤེར་མ་ལག་དང་། དེ་བཞིན་སྤྱི་བའི་རྨང་གཞིའ་དོ་དམ་དང་སྤྱོད་མཁན་གྱི་དོ་དམ་མ་ལག་སོགས་གསར་སྤེལ་བྱས་ཡོད་པ་རེད།

ཆེད་མཁས་པས་ལས་གཞི་དེར་ཞིབ་དཔྱད་རྩིས་ལེན་ཟིན་རྗེས་བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་འཚོལ་བཤེར་མ་ལག་ཕྱི་ཕྱོགས་སུ་དངོས་སུ་ཁྱབ་བསྒྲགས་བྱས་ནས། བོད་ལུགས་གསོ་རིག་གི་ལས་བྱེད་པ་ཚོ་དང་ཞིབ་འཇུག་གནང་མཁན་ཚོར་གྲངས་འཛིན་ཅན་གྱི་ཞབས་ཞུའི་མ་ལག་ཅིག་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།

བོད་ལྗོངས་གསོ་རིག་སློབ་གླིང་ཚན་རིག་ཞིབ་འཇུག་ཁྲུའུ་ཡི་ཁྲུའུ་ཀྲང་དང་། ཞིབ་དཔྱད་རྩིས་ལེན་གྱི་ཆེད་མཁས་པ་དོན་གྲུབ་ཀྱིས་བོད་ལུགས་གསོ་རིག་གི་འབྲེལ་ཡོད་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་རིག་གནས་ཞིག་ཡིན་པ་རེད། བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆའི་གྲངས་འབོར་ཆེ་ཞིང་། ནང་དོན་རྒྱ་ཆེ་བ། པོ་ཏི་ཕོན་ཆེ་བ་བཅས་ཡོད་པས་དེ་ནི་ཀྲུང་ཧྭ་གསོ་རིག་རིག་གནས་ཀྱི་ཤུལ་བཞག་ཁྲོད་ཀྱི་གལ་ཆེན་གྲུབ་ཆ་ཞིག་ཡིན་ལ་བོད་ཀྱི་ཁྱད་ལྡན་གྱི་གསོ་རིག་གཞུང་ལུགས་ཀྱི་རྣམ་གཞག་ཞིག་ཀྱང་ཡིན། བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དང་དཔེ་སྟོན་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་བ་དེས་བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་ཚད་ལྡན་ཡིག་ཆ་དེང་རབས་ཅན་གྱི་སྤྱི་སྤྱོད་མ་ལག་ཏུ་སྐྱོད་ཐུབ་པ་དང་། བོད་ལུགས་གསོ་རིག་གི་རྒྱུན་འཛིན་དང་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག