མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་པུར་རྒྱལ་དུས་ཀྱི་བྲག་བརྐོས་སྐུ་བརྙན་རྙེད།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-10-12 11:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཤར་ལྷོའི་མཚམས་སུ་གནས་པའི་སྨར་ཁམས་རྫོང་ནས་རྣམ་སྣང་དང་ཉེ་སྲས་བརྒྱད་ཀྱི་བྲག་བརྐོས་སྐུ་བརྙན་ཕོན་ཆེན་ཞིག་རྙེད་པར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པས་བརྟག་དཔྱད་བྱས་པ་ལྟར་ན་དེ་ནི་བོད་ནས་གསར་དུ་རྙེད་པའི་པུར་རྒྱལ་དུས་ཀྱི་བྱང་སེམས་ཀྱི་བྲག་བརྐོས་སྐུ་བརྙན་ཡིན་པས་དེར་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན།

བྱང་སེམས་ཀྱི་ལྷ་སྐུའི་བྲག་བརྐོས་རི་མོ་དེ་རི་ཟུར་ཞིག་གི་མཐོ་ཚད་སྨི9དང་ཞེང་ཚད་སྨི7.5ཡི་བྲག་ལྡེབས་ཤིག་ཏུ་བརྐོས་པའི་ནང་གཙོ་ལྷ་རྣམ་སྣང་གི་སྐུ་དེ་མཐོ་ཚད་སྨི4.95ཟིན་ཞིང་། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་བཞེས་པ། པད་འདབ་སེང་ཁྲིར་བཞུགས་ཤིང་བརྩེ་ཉམས་ཆེ། གཡས་གཡོན་དུ་བྱང་སེམས་བརྒྱད་ཡོད་པའི་སྟེང་འོག་ལ་རིམ་བཞིན་བཞུགས་པ་ལས་གཡས་ཀྱི་གོང་དུ་ཀུན་ཏུ་བཟང་པོ་དང་ཕྱག་རྡོར། འོག་ཏུ་སའི་སྙིང་པོ་དང་སྤྱན་རས་གཟིགས། གཡོན་གྱི་གོང་དུ་བྱམས་པ་དང་ནམ་མཁའི་སྙིང་པོ། འོག་ཏུ་འཇམ་དཔལ་དབྱངས་དང་སྒྲིབ་པ་རྣམ་སེལ་བཅས་ཚུལ་བཞིན་བཞུགས་ཡོད།

བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པ་སངས་དབང་འདུས་ཀྱིས་ཆབ་མདོ་ས་ཁུལ་ནས་པུར་རྒྱལ་དུས་ཀྱི་རྣམ་སྣང་དང་ཉེ་བའི་སྲས་ཆེན་བརྒྱད་ཀྱི་བྲག་བརྐོས་སྐུ་བརྙན་ཁག་གཉིས་ཐོན་པ་སྟེ། གཅིག་ནི་བྲག་གཡབ་རྫོང་རི་མདའ་ཞང་གི་བྲག་བརྐོས་སྐུ་བརྙན་དང་། ཅིག་ཤོས་ནི་སྨར་ཁམས་རྫོང་སྤང་མདའ་ཞང་གི་རྣམ་སྣང་ལྷ་ཁང་དུ་ཡོད་པའི་བྲག་བརྐོས་སྐུ་བརྙན་ཡིན་ཟེར། ད་རེས་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་གྱི་མངའ་ཁོངས་ནས་རྣམ་སྣང་དང་ཉེ་སྲས་བརྒྱད་ཀྱི་བྲག་བརྐོས་སྐུ་བརྙན་རྙེད་པ་དེ་གོང་གསལ་གྱི་བྲག་བརྐོས་སྐུ་བརྙན་དེ་དག་དང་འདྲ་བར་དུས་གཅིག་གི་ཡིན་པར་བརྟེན་ལོ་རྒྱུས་དང་སྒྱུ་རྩལ་གྱི་ཞིབ་འཇུག་རིན་ཐང་ཧ་ཅང་མཐོ་ཞིང་དེས་ནང་བའི་བསྟན་པ་བོད་ཀྱི་ཤར་རྒྱུད་ལ་དར་ཚུལ་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག