མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཁབ་ཕྱི་ནང་གི་མི་སྣས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེད་ཐབས་དང་ཇུས་འདོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-02 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ཉིན་གཉིས་ཀྱི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་གླེང་སྟེགས་ཚེས་27ཉིན་གྱི་མཚན་མོ་ལྷ་སར་མཇུག་སྒྲིལ་བ་རེད།ད་ཐེངས་ཀྱི་གླེང་སྟེགས་ནང་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱིས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་དམིགས་ནས་ཐབས་དང་ཇུས་བཏོན་ཏེ“བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བབ་བསྟུན་འཕྲལ་སྒྲུབ་དང་དུས་བསྟུན་འཕེལ་རྒྱས་ཀྱི”ཐུན་མོང་གི་ངོས་འཛིན་ཆགས་ཡོད།

ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་གླེང་སྟེགས་དེ་རིག་གནས་པུའུ་དང་།རྒྱལ་ཁབ་ཡུལ་སྐོར་ཅུས།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད།

རིག་གནས་པུའི་པུའུ་ཀྲང་ཚའེ་ཝུའུ་ཡིས“བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ལ་མདུན་ལམ་ཡང་ཆེན་པོ་ཡོད།བོད་ལ་ངོ་མཚར་ཆེ་བའི་རིག་སྐྲུན་གནས་ལྗོངས་དང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་ཡོད་པས་ང་ཚོས་སྔོག་འདོན་ལེགས་སྒྲིག་དང་རྒྱུན་འཛིན་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་དང་ཡུལ་སྐོར་གཉིས་ཟུང་འབྲེལ་བྱས་ཏེ་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གལ་ཆེན་ཞིག་ཏུ་སྐྲུན་དགོས”ཞེས་བཤད་པ་རེད།

ཚའེ་ཝུའུ་ཡིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་སྐུལ་ཁྲིད་བྱེད་པ་ནི་བོད་ཀྱི་ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་གདམ་ག་ཡག་ཤོས་ཤིག་རེད།བོད་ཀྱི་རིག་བསྐྲུན་ཡུལ་ལྗོངས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔོག་འདོན་ལེགས་སྒྲིག་དང་རྒྱུན་འཛིན་གསར་གཏོད་བྱེད་པ་དེས་བོད་ཀྱི་ཡུལ་སྐོར་དང་རིག་གནས་ཀྱི་ནང་དོན་དང་ཟུར་བསྣན་རིན་ཐང་ཆེས་ཆེར་གཏོང་ཐུབ”ཅེས་བཤད་པ་རེད།

རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུའུ་ཅང་གིས་བོད་ཀྱི་ཡུལ་སྐོར་ལས་རིགས་དེ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད།“གོ་ལ་ཧྲིལ་པོའི་ངོས་ནས་བརྗོད་ན།ཡུལ་སྐོར་ལས་རིགས་དེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ཡོད།རྒྱལ་ཡོངས་ཀྱི་ངོས་ནས་བརྗོད་ན།ཀྲུང་གོའི་ཡུལ་སྐོར་ལས་རིགས་དེ་རེས་སྐོར་གསར་པའི་འཕེལ་རྒྱས་ཡག་ཤོས་ཀྱི་དུས་སྐབས་སུ་སླེབས་ཡོད།བོད་ལ་འགྲན་ཟླ་བྲལ་བའི་ཡུལ་སྐོར་ཐོན་ཁུངས་ཡོད་པས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དུ་འགྱུར་ཐུབ་པའི་རྗེས་ཐོན་ལེགས་ཆ་ལྡན་ཡོད”ཅེས་བཤད་པ་རེད། ཏུའུ་ཅང་གིས“མིག་སྔར་བོད་འདི་ཉིད་འཛུགས་སྐྲུན་དང་།སྒོ་དབྱེ།འཕེལ་རྒྱས་བཅས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་ཡག་ཤོས་སུ་སླེབས་ཡོད།བོད་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་ཁྱད་ཆོས་མངོན་གསལ་དོད་ལ་སྤུས་ཀའང་དག་པོ་ཡོད་པ་དང་།རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་མང་པོ་འདུས་པ།བོད་ཀྱི་དཔོག་དཀའ་བའི་རང་བཞིན་དེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་ཡིད་དབང་འཕྲོག་ཤུགས་ཆེ་བ་བཅས་ནི་བོད་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ལེགས་ཆ་རེད”ཅེས་བཤད་པ་རེད།

ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིན་དབྱི་ཕུའུ་ཡིས་བོད་ཀྱི་སྣ་མང་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་ཟབ་མོ་ལྡན་པའི་ཡུལ་སྐོར་ཐོན་ཁུངས་དེ་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་ནང་ཡིད་དབང་འཕྲོག་ཤུགས་ལྡན་ཡོད་ལ་ས་ཁམས་དང་།སྣོད་བཅུད།རིག་གནས་བཅས་ཀྱི་ཐོན་ཁུངས་དང་དེ་བཞིན་མཐོ་རིམ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལེགས་ཆའང་ལྡན་ཡོད།རང་རྒྱལ་གྱིས་སྔར་བས་སྒོ་མོ་འབྱེད་པ་དང་།མི་སེར་གྱི་འཛད་སྤྱོད་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།བོད་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་བཅས་དང་ཆབས་ཅིག་ཡུལ་སྐོར་ལས་རིགས་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཀ་རྟེན་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད་ཅེས་བཤད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག