མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འཇིག་ཉེའི་སྲོག་ཆགས་སྤྲེའུ་སྤུ་སེར་བོད་ལྗོངས་སུ1000ཙམ་ལས་ལྷག་མེད།

རྩོམ་པ་པོ། ལྕགས་མོ།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-10-02 10:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ནགས་ལས་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་རྒྱལ་ཁབ་ནགས་ལས་ཅུའུ་ལྷོ་དབུས་ནགས་ལས་ཞིབ་བཤེར་ཇུས་འགོད་གླིང་ནས་སྤྲེའུ་སྤུ་སེར་གྱི་རིགས་རྒྱུད་ཐོན་ཁུངས་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན། བོད་ལྗོངས་སྨར་ཁམས་ས་ཁོངས་སུ་ཁྱབ་པའི་སྤྲེའུ་སྤུ་སེར་གྱི་རིགས་རྒྱུད་གྲངས་འབོར་ཧ་ལམ1000ལས་མེད་པ་རེད།

སྤྲེའུ་སྤུ་སེར་ནི་ཀྲུང་གོའི་སྲོག་ཆགས་ཁྱད་པར་བ་ཞིག་ཡིན་ཞིང་། དངོས་རིགས་འདི་ནི་ནུབ་བྱང་ཕྱོགས་ཁོ་ནར་ཁྱབ་ཅིང་། བྱང་ཕྱོགས་ནས་བོད་ལྗོངས་སྨར་ཁམས་དང་། ལྷོ་ཕྱོགས་ནས་ཡུན་ནན་ཡོན་ལུང་གི་གུ་དོག་པའི་གྲོག་རོང་ས་ཁུལ་དུ་ཁྱབ་ཡོད། འཛམ་གླིང་སྟེང་གི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་སར་ཁྱབ་ཅིང་། གྲངས་ཀ་ཆེས་ཉུང་བ། གཟུགས་པོ་ཆེས་ཆེ་བའི་སྤྱང་རིག་འཛོམས་པའི་སྲོག་ཆགས་རིགས་ཤིག་ཡིན་ལ། ད་ལྟ་འཛམ་གླིང་སྟེང་གི་འཇིག་ཉེའི་རིགས་དངོས25གྲས་ཀྱི་གཅིག་ཡིན།

དངོས་རིགས་དཀོན་པོ་འདི་ཉིད་ལྷག་ཏུ་སྲུང་སྐྱོང་བཟང་བོ་བྱེད་ཆེད། 1989ལོར། ཀྲུང་གོ་སྲིད་གཞུང་གིས་འདི་ཉིད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ལ་གཏན་འཁེལ་བྱས། 1996ལོར། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་འདི་ཉིད་འཇིག་ཉེའི་རིམ་པར་གཏན་འཁེལ་བྱས། 2013ལོར། བོད་ལྗོངས་སྨར་ཁམས་སྤྲེའུ་སྤུ་སེར་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆོག་མཆན་བཀོད། དེ་ནས་བཟུང་། སྤྲེའུ་སྤུ་སེར་སྲུང་སྐྱོང་དང་དེའི་འཚོ་སྡོད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱལ་ཁབ་སྲུང་སྐྱོང་བྱ་བའི་འཆར་གཞིའི་ཁྲོད་བླངས།

སྤྲེའུ་སྤུ་སེར་མཚོ་ངོས་ལས་མཐོ་ཚད་སྨི3300ནས་སྨི4100ཡས་མས་ཀྱི་རི་མཐོ་ནགས་ཁུལ་དུ་འདུས་སྡོད་བྱས་ཡོད་ཅིང་། གངས་འཁྱག་ཁ་བ་འབབ་པའི་དགུན་ཁའི་དུས་སུའང་མཚོ་ངོས་ལས་མཐོ་ཚད་དམའ་བའི་ས་ཁུལ་དུ་མི་ཡོང་། སྤྲེའུ་ཁྱུ་ཚོགས་དེ་འདྲའི་ཆེན་པོ་ཞིག་མིན། ཆེས་མང་ནའང20ནས60ལས་མེད། 150ཡན་གྱི་ཁྱུ་ཚོགས་ཤིག་ད་སྔ་མཐོང་མྱོང་མེད ། བརྟག་དཔྱད་གཞིར་བཟུང་ནས་ཚོད་དཔག་བྱས་པ་ལྟར་ན། སྤྲེའུ་སྤུ་སེར་གྱི་རིགས་རྒྱུད་ཀྱི་བསྡོམས་གྲངས་ཡུན་ནན་དུ1000ལས་བརྒལ་དཀའ་ཞིང་། བོད་ལྗོངས་སྨར་ཁམས་སུ1000ལས་བརྒལ་དཀའ་བ་རེད།

ལོ་ངོ་དུ་མའི་རིང་ལ། ཏེན་བོད་འདྲེས་མཚམས་ཀྱི་འཕྲེད་རྒྱུག་རི་རྒྱུད་ཀྱི་ནགས་ཚལ་ཆེས་སྟུག་སར་འཚོ་བའི་སྤྲེའུ་སྤུ་སེར་ཀྱིས་ཁྱད་རྟགས་ཡ་མཚན་ཞིག་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད་ཅིང་། ཕྱི་རོལ་དུ་འདི་ཤེས་མཁན་ཅུང་དཀོན། 1870ལོར། ཧྥ་རན་སིའི་ཆོས་སྤེལ་མཁན་གྱིས་ཡུན་ནན་བདེ་ཆེན་མིའི་ངག་རྒྱུན་གཞིར་བཟུང་ནས། སྤྱང་རིག་འཛོམས་པའི་སྲོག་ཆགས་འདི་འདྲ་ཞིག་གནས་པ་ཐེངས་དང་པོར་ཕྱིར་བསྒྲགས་མོད། འོན་ཀྱང1904ལོའི་བར་དུ། དབྱིན་ཇི་བ་ཆའོ་ཀྲི་ཧྥུ་ལེ་སི་ཡིས་སྤྲེའུ་སྤུ་སེར་རིགས་གཉིས་ཀྱི་པགས་པ་ཉོ་ཐུབ་བྱུང་བ་མ་གཏོགས། སྤྲེའུ་སྤུ་སེར་གྱི་གནས་ཚུལ་ཐོས་མཁན་ཉུང་ཉུང་རེད། དེ་ནས། སྐབས་དེའི་རྒྱལ་སྤྱིའི་སྲོག་ཆགས་ཚོགས་པས་སྤྲེའུ་སྤུ་སེར་ཀྱི་རིགས་རྒྱུད་ཚར་སོང་བར་འདོད་པ་རེད། 1962ལོར། ཀྲུང་གོའི་ཚན་རིག་གླིང་ཁུང་མིན་སྲོག་ཆགས་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་འཕྲེད་གཤགས་རི་ཁུལ་དུ་སོང་ནས་ཡང་བསྐྱར་སྤྲེའུ་སྤུ་སེར་གྱི་རྐང་རྗེས་རྙེད་པས། མི་རྣམས་ལ་སྲོག་ཆགས་འདི་སྟོངས་མེད་པ་བདེན་དཔང་བྱས།

གོ་ཐོས་ལྟར་ན། ཉེ་བའི་ལོ་འགའི་རིང་། ཀྲུང་གོས་བོད་ལྗོངས་སྨར་ཁམས་སྤྲེའུ་སྤུ་སེར་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མ་དངུལ་འབོར་ཆེན་བཏང་ནས་སྲུང་སྐྱོང་དང་འཛུགས་སྐྲུན་བྱས་ཏེ། རིགས་རྒྱུད་དེའི་གྲངས་ཀ་སྙོམ་སྒྲིག་དང་འཕར་སྣོན་ངེས་ཅན་བྱུང་དུ་བཅུག ད་ལོར། ཆེད་མཁས་ཆེན་མོས་གྲུབ་པའི་ཆེད་ལས་བརྟག་དཔྱད་དཔུང་ཁག་སྤྲེའུ་སྤུ་སེར་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་ནས། གོམ་གང་མདུན་སྤོས་ཀྱིས་སྤྲེའུ་སྤུ་སེར་གྱི་རིགས་རྒྱུད་རྣམ་པའི་འགྱུར་ལྡོག་དང་འཚོ་སྡོད་ཁོར་ཡུག་གི་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ། སྲུང་སྐྱོང་བྱེད་ཐབས་གསར་བ་གཏན་འཁེལ་དང་འཇིག་ཉེའི་སྲོག་ཆགས་འདི་ཆེས་ལེགས་པོར་སྲུང་སྐྱོང་བྱེད་བདེ་བར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག