མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-09-21 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ས་མཐོ་ནི་མཚོ་བོད་ས་མཐོའི་ཞིང་ཁོག་ལྟ་བུ་ཡིན་ཞིང་། མཚོ་ངོས་ལས་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་རྨིད་4000ཡན་ཡོད་པ་དང་། རང་རྒྱལ་དང་། ཡ་གླིང་ལྷོ་མ། ཡ་གླིང་ཤར་ལྷོའི་ས་ཁུལ་བཅས་ཀྱི་“གཙང་པོའི་འབྱུང་ཁུངས”དང“སྐྱེ་ཁམས་འབྱུང་ཁུངས”ཡིན་པ་མ་ཟད། སའི་གོ་ལའི་བྱང་ཕྱོགས་ཀྱི་“འཁོར་སྒུལ་འཕྲུལ་ཆས”དང“སྙོམས་སྒྲིག་ཁུལ”ཞེས་པའི་མཚན་སྙན་ཡང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་“སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ལ་གཙིགས་མཐོང་ཚད་མཐོན་པོ་མཛད་དེ། མཚོ་བོད་ས་མཐོའི་རི་ཆུ་དང་རྩི་ཤིང་ལ་སྲུང་སྐྱོབ་གང་ལེགས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས”ཞེས་བསྟན་པ་རེད།

སྐྱེ་ཁམས་ཁོར་ཡུག་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་དོན་འཁྱོལ་ཡོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་སྔ་གཞུག་ཏུ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྩ་གནད་ལག་བསྟར་སྐོར་གྱི་མཛུབ་སྟོན་བླང་བྱ》སོགས་ཚད་ལྡན་ཡིག་ཆ་བཏོན་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་བསྐྲུན་འཆར་འགོད》《བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཕེལ་རྒྱས་འཆར་འགོད》སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་བསྐྲུན་འཆར་འགོད་རྩ་འཛུགས་ལག་བསྟར་གནང་།《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་ལམ་ལུགས》དང་《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔྱད་ཞིབ་བྱེད་ཐབས》སོགས་སྲོལ་ཡིག་བཟོས་པ་དང་། དེ་ཕྱིར་བཀྲམས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ལ་ཁྲིམས་ལུགས་ཀྱི་འགན་སྲུང་ཐོབ།

“ལོ་ངོ་དུ་མའི་རིང་། དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་‘ཁོར་ཡུག་སྲུང་སྐྱོབ་བྱེད་པར་སོ་སོར་འགན་ཁུར་ཡོད་པའི’སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་ཆགས་འདུག”ཅེས་རང་སྐྱོང་ལྗོངས་སྐྱོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཐིང་ཀྲང་འཇམ་དཔལ་གྱིས་དེ་སྐད་ཟེར།

མིག་སྔའི་བོད་ལྗོངས་ཀྱི་རི་ལུང་མཛེས་ཤིང་མཛེས་ལྗོངས་ཡིད་དབང་འཕྲོག་པ་ཞིག་རེད། མི་རྣམས་ཀྱིས་མཛེས་པའི་ཡུལ་ལྗོངས་ལ་ཡིད་སེམས་འཁྲེང་པའི་སྐབས་འདིར། ལྗོངས་ཡོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གི་ལས་གནས་རྐང་འཛིན་པ་བརྒྱ་ཕྲག་ལྷག་གིས་ལྷ་སར་ཁོར་ཡུག་ལྟ་ཞིབ་ཀྱི་ཟབ་སྦྱོང་གནང་སྟེ། ཁོར་ཡུག་ལྟ་ཞིབ་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་བ་དང་། “འཛམ་གླིང་ཡང་རྩེའི”སྐྱེ་ཁམས་འཆམ་མཐུན་ལ་སྟོབས་ཤུགས་བཏོན།

དུས་ཡུན་རིང་པོར། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་བོད་ལྗོངས་ཀྱི་སྐྱེ་ཁམས་འཛུགས་བསྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་མཐོང་ཆེན་མཛད་དེ། ཚན་རིག་གི་འཕེལ་རྒྱས་ལྟ་བས་གཅིག་གྱུར་སྣེ་ཁྲིད་རྒྱུན་འཁྱོངས་དང་། འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་བབ་ཆེན་པོ་གཉིས་གཅིག་གྱུར་གྱིས་བཀོད་སྒྲིག། ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གྲུབ་འབྲས་ཆེན་པོ་ལོན་ཡོད།

ཁོར་ཡུག་ལྟ་སྐུལ་དང་སྐྱེ་ཁམས་ཁ་གསབ་ཀྱི་ཐབས་གཉིས་མཉམ་དུ་སྤྱད་པ།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ཡུན་རིང་འགན་སྲུང་ལེགས་པོ་གནང་ཆེད། ན་ནིང་ཟླ༧པར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་སྐོར་གྱི་བྱེད་ཐབས》བསྒྲགས་པས་བོད་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

“བྱེད་ཐབས་ཀྱིས་སྐྱེ་ཁམས་སྔོན་སྐྱོད་དང་། སྲུང་སྐྱོབ་སྔོན་སྐྱོད། སྲུང་སྐྱོབ་ཁྲོད་ཐོན་སྤེལ་དང་། ཐོན་སྤེལ་ཁྲོད་སྲུང་སྐྱོབ་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གཏོང་ཚད་དམའ་བ་དང་། འཕར་སྣོན་གྲངས་ཀ་མཐོ་བའི་ལག་རྩལ་གསར་པའི་ཐོན་ལས་དང་དགེ་མཚན་ལྡན་པའི་ཐོན་ལས། ལྗང་མདོག་འཕེལ་རྒྱས་དང་། འཁོར་སྐྱོད་འཕེལ་རྒྱས། ཐྰན་ཉུང་འཕེལ་རྒྱས་བཅས་ལ་སྐུལ་འདེད་བྱེད་དགོས་པ་དང་། འབག་བཙོག་ཆེ་བ། གཏོང་ཚད་མཐོ་བ། ནུས་ཁུངས་བརླགས་ཚད་ཆེ་བའི་ཐོན་ལས་དང་རྣམ་གྲངས་བཅས་བཀག་འགོག་དང་། ཕྱིར་དབྱུང་རྗེས་ལུས་ཀྱི་ཐོན་སྐྱེད་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བཀག་འགོག་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བློས་བཏང་ནས་དཔལ་འབྱོར་ཕན་ཁེ་བསྐྲུན་མི་རུང་བ་བྱེད་དགོས་པ་བཅས་གསལ་གཏན་གནང་ཡོད་”ཅེས་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་སྲིད་ཇུས་བཅའ་ཁྲིམས་ཁྲུའུ་ཡི་ཁྲུའུ་ཀྲང་ལྦ་ཧྥེང་གིས་ངོ་སྤྲོད་གནང་བྱུང་།

ལོ་ངོ་དུ་མའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རྣམ་གྲངས་འཛུགས་བསྐྲུན་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་གཙིགས་མཐོང་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་རྣམ་གྲངས་འཛུགས་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ནས་ཚད་ཆེན་མོ་ནས་ཁོར་ཡུག་སྲུང་སྐྱོབ་ལ་གནོད་པའི་འཛུགས་སྐྲུན་ཇེ་ཉུང་དུ་བཏང་བ་དང་། ཁོར་ཡུག་སྲུང་སྐྱོབ་ལ་ཆོག་བཀོད་གནང་སྐབས། བོད་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཁག་གིས་ཁོར་ཡུག་གི་ཤུགས་རྐྱེན་དཔྱད་ཞིབ་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། ཁོར་ཡུག་འཆར་འགོད་དཔྱད་ཞིབ་དང་འཛུགས་བསྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་འཇོག་ལ་ཤུགས་བསྣན་ཏེ་འགོ་ཁུངས་ནས་ཁོར་ཡུག་འབག་བཙོག་དང་གནོད་སྐྱོན་བཟོ་བ་སྔོན་འགོག་བྱས་ཡོད།

ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་དང“འཆམ་མཐུན་མཉམ་འཁྲབ”བྱས་ཏེ་སྐྱེ་ཁམས་ཁ་གསབ་ལམ་ལུགས་བཙུགས་པ་ཡིན། བོད་ལྗོངས་ཀྱིས་ནགས་ཚལ་དང་། རྩྭ་ཐང་། འདམ་ར། རང་བྱུང་སྲུང་སྐྱོབ་ཁུལ། ཆུའི་ཐོན་ཁུངས། གཏེར་ཁུངས་སོགས་ཁྱབ་ཁོངས༦གི་སྐྱེ་ཁམས་ཁ་གསབ་ལ་ཞིབ་འཇུག་གནང་སྟེ། བོད་ཀྱི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ཀྱི་དགོས་མཁོ་བཏོན། ༢༠༠༨ལོར་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ས་ཁུལ་གྱི་བརྗེ་སྤོར་གཏོང་སྤྲོད་དཔེ་སྟོན་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། བོད་ལྗོངས་ཀྱིས་རྒྱལ་ཁབ་སྐྱེ་ཁམས་བྱེད་ནུས་ས་ཁུལ་གཙོ་བོའི་བརྗེ་སྤོར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར༣༥ཡས་མས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་འབྲེལ་བའི་རྫོང་བརྒྱད་ལ་ཁ་གསབ་གནང་་པ་རེད།

སྐྱེ་ཁམས་སྒྲོག་སྦྱོང་གིས“དམངས་ཡོངས་ཀྱིས་ལྟ་སྐུལ་དོ་དམ་བྱེད་པའི”རྣམ་པ་གསར་པ་བཏོད་པ།

སྲིད་ཇུས་དང་བཅའ་ཁྲིམས་ཐད་ནས་སྒྲིག་སྲོལ་རབ་དང་རིམ་པ་བཙུགས་པ་ནས་ས་གནས་ཁག་གི་སྐྱེ་ཁམས་བདེ་འཇགས་ལྟ་སྐུལ་དོ་དམ་ས་ཚིགས་འཛུགས་བསྐྲུན་རྣམ་གྲངས་སྔ་གཞུག་ཏུ་གཉེར་བའི་བར་དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལོ་བཅུའི་རྒྱང་ཚོར་བརྟག་དཔྱད་དང་དཔྱད་འཇོག་ལས་ཀའི་སྐོར་གྱི་ཐབས་ལམ》ཁྲོད་གནམ་ས་གཅིག་འདུས་ཅན་གྱི་ལག་རྩལ་སོགས་ཚན་རྩལ་གསར་པ་བཀོལ་སྤྱོད་གནང་པ་ནས་བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་དྲིལ་སྒྲོག་བྱེད་སྒོར་དམངས་ཡོངས་ཟབ་ཞུགས་བྱེད་པའི་བར་དུ། བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་གནང་།

ད་ལོའི་ཟླ༥པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་དང་། བོད་ལྗོངས་སློབ་ཆེན། ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭ་སོགས་ཁོར་ཡུག་སྲུང་སྐྱོབ་ལས་ཁོངས་ཀྱི་ཆེད་མཁས་ཀྱིས་གྲུབ་པའི་སྒྲོག་སྦྱོང་ཚོགས་པར་ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར7ཀྱི་རྫོང14རུ་བོད་ལྗོངས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་སྒྲོག་སྦྱོང་ཚོགས་པ་བཙུགས། སྒྲོག་སྦྱོང་ཁྲོད་དུ། སྒྲོག་སྦྱོང་ཚོགས་པའི་ཁོངས་མིས་ས་གནས་དེ་གའི་དངོས་བབ་དང་ཟུང་འབྲེལ་བྱེད་པ། ཕལ་བའི་སྐད་ཆས་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འབྲེལ་བ་འགྲེལ་བཤད་གནང་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》《བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་བྱེད་ཐབས》《བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་དཔྱད་ཞིབ་བྱེད་ཐབས》བཅས་ཀྱི་བཅའ་ཁྲིམས་སྲོལ་ཡིག་ཀློག་འགྲེལ་གནང་སྟེ། བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་གྱི་ཐབས་ལམ་བདམས་གསེས་དང་དུས་རབས་གསར་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཁུར་གསལ་འབེབས་བྱས།

ལྷ་ས་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ་ཡང་ཨན་བུན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་བྱེད་ན་ཐོག་མར་བསམ་བློའི་ངོས་འཛིན་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་སྒྲོག་སྦྱོང་བྱེད་སྒོ་དུས་ཐོག་ཡོང་རྒྱུ་དེའང་གལ་ཆེ་བོ་རེད།“དེས་ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་དང་ཁོར་ཡུག་སྲུང་སྐྱོབ་གྱི་འགན་ཁུར་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་ཤེས་བསྐྱེད་བྱུང་། ས་གནས་ཤིག་གི་ས་ཆུ་སྲུང་འཛིན་མཁན་ཡིན་པའི་ཆ་ནས་དུས་ཚོད་དམ་འཛིན་གྱི་དགོངས་དོན་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ལ་ཤུགས་སྣོན་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། བོད་ལྗོངས་ཀྱི་སྔོ་ལྗང་རི་ཆུ་སྲུང་འཛིན་བྱེད་དགོས།”ཞེས་བརྗོད།

ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱ་ཆེད། བོད་ལྗོངས་ཀྱིས་ཕྱོགས་གཅིག་ནས་ཡུན་རིང་ལམ་ལུགས་བཙུགས་ཏེ་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་ལས་དོན་སྤེལ་རྒྱུ་དེ་ས་གནས(གྲོང་ཁྱེར)རྫོང་ཁག་གི་ལོ་འཁོར་འགན་ཁུར་དམིགས་ཡུལ་དཔྱད་ཞིབ་ཚུད་པར་བྱ་རྒྱུ་དང་། ལམ་ལུགས་ཀྱི་ངོས་ཐད་ནས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་སློབ་གསོའི་ལས་དོན་ཁྱོན་ཡོངས་ནས་སྤེལ་རྒྱུ། ཕྱོགས་གཞན་ཞིག་ནས་སྒྲོག་སྦྱོང་སློབ་གསོའི་ལས་དོན་འབུར་དུ་ཐོན་པར་བྱེད་པ། ཏང་སྲིད་ལས་ཁུངས་དང་། ཁེ་ལས་ལས་ཁུངས། ཞིང་འབྲོག་ས་ཁུལ་བཅས་མི་ཚོགས་མི་འདྲ་བར་ཚན་རིག་གི་ཇུས་འགོད་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་ལས་མང་པོ་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ལས་དོན་ཞུགས་པར་བྱ་རྒྱུའོ།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག