མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྤྱི་བའི་རིག་གནས་དབྱར་མཚོ་བཞིན་དར་རྒྱས་བྱུང་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   2014-09-21 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་བོད་རང་སྐྱོང་ལྗོངས་ཀྱིས་“སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་བསྐྲུན་ལ་སྐུལ་འདེད་གོ་ཆོད་བྱས་པའི་ལོ”རེད། མིག་སྔར། ལྗོངས་རིག་གནས་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་སྤྱི་བའི་རིག་གནས་སྒྲིག་ཆས་དང་དོ་དམ་ཞབས་ཞུ་ཚད་ལྡན་ཅན་འཛུགས་བསྐྲུན་བྱེད་པའི་དམིགས་ཚད》བཏོན་ནས་གཏན་འཁེལ་བྱས་ཤིང་། གཅིག་གྱུར་ཡིན་ལ་ཚན་རིག་དང་མཐུན་པའི་དམིགས་ཚད་མ་ལག་གྱིས་གཞི་རིམ་གྱི་སྤྱི་བའི་རིག་གནས་སྒྲིག་ཆས་ཚད་ལྡན་ཅན་དོ་དམ་དང་ཚད་གཞི་ཅན་གྱི་འཛུགས་བསྐྲུན་ལེགས་པོ་བྱས།

ཉེ་བའི་ལོ་ཚུན་ལ། བོད་ལྗོངས་ཀྱིས་ལྗོངས་ཡོངས་དང་དམངས་ཡོངས་ལ་ཁྱབ་པའི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པ་དེ་རིག་གནས་ལས་དོན་ཀུན་གྱི་གཙོ་བོར་བཞག་སྟེ། ལས་ཀའི་ལྟེ་བ་གྲོང་ཁྱེར་ནས་གཞི་རིམ་ཞིང་འབྲོག་ས་ཁུལ་དུ་ཕྱོགས་པའི་གཞི་རིམ་གྱི་རིག་གནས་སྒྲིག་ཆས་དང་། དཔུང་སྡེ། རིག་གནས་བྱེད་སྒོ་བཅས་ཀྱི་འཛུགས་སྤེལ་མགྱོགས་པོར་སྐུལ་འདེད་བཏང་བས། སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ།

སྲིད་ཇུས་དོན་འཁྱོལ་བྱས་ནས་ཤུགས་འདོན་པར་འགན་སྲུང་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཀྲུང་དབྱང་གི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག སྤྱི་བའི་རིག་གནས་ཞབས་ཞུ་སྙོམས་སྒྲིག་ལ་སྐུལ་འདེད་བྱེད་པའི་དམིགས་འབེན་བཏོན་ཁར། བོད་རང་སྐྱོང་ལྗོངས་ཀྱིས་ཀྱང་རྫོང་རེ་རེར་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་། ཤང་རེ་རེར་ཕྱོགས་བསྡུས་རིག་གནས་ས་ཚིགས་བཅས་བསྐྲུན་དགོས་པའི་འོས་འགན་གསལ་བོ་གཏན་འཁེལ་བྱས། ཡིན་ཡང་སྤྱི་བའི་རིག་གནས་སྒྲིག་ཆས་ལ་དོ་དམ་ཅི་ལྟར་བྱེད་དགོས་པ་དང་། ནུས་པ་ཅི་ལྟར་འདོན་སྤེལ་བྱེད་རྒྱུ་དེ་ད་དུང་ཚད་ལྡན་དུ་གཏོང་དགོས་པས། རིག་གནས་ཐིང་གིས་ཞིབ་འཇུག་བརྒྱུད་《བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་སྤྱི་བའི་རིག་གནས་སྒྲིག་ཆས་དང་དོ་དམ་ཞབས་ཞུ་ཚད་ལྡན་ཅན་བསྐྲུན་པའི་དམིགས་ཚད》གཏན་འབེབས་བྱས་ཞེས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་སྤྱི་ཚོགས་རིག་གནས་ཁང་གི་འགོ་གཙོ་ཉི་མས་དེ་ལྟར་བརྗོད་བྱུང་།

ཚད་ལྡན་ཅན་གྱི་འཛུགས་སྐྲུན་གོ་རིམ་ལྡན་ཞིང་རྒྱབ་རྟེན་ཡོད་པར་ཁག་ཐེག་བྱ་ཆེད། ཐེངས་དེར་བཏོན་པའི་དམིགས་ཚད་ཀྱིས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་བཅས་ཀྱི་རྨང་གཞི་སྒྲིག་ཆས་དང་། བྱེད་ནུས། སྒྲིག་གཞི། སྒྲིག་ཆས་ལྷུ་སྒྲིག ལམ་ལུགས། བྱེད་སྒོ། འགྲོ་གྲོན། དཔུང་སྡེ། དོ་དམ། དྲིལ་སྒྲོག་སོགས་ཕྱོགས་བཅུ་ཡི་ནང་དོན་༥༠ལ་ཚད་གཞི་དང་བླང་བྱ་གསལ་བོ་བཏོན་ནས། བོད་རང་སྐྱོང་ལྗོངས་ཀྱིས་གཞི་རིམ་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་ཕན་ནུས་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོར་འདེགས་སུ་གཏོང་བར་རམ་འདེགས་བྱས།

ངོ་སྤྲོད་ལྟར་ན། ཉེ་བའི་ལོའི་ཚུན་ལ། སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་གྱི་སློབ་སྟོན་དང་། སྒྲིག་འཛུགས། དོ་དམ་བཅས་ལ་ཤུགས་སྣོན་ཆེད། རང་སྐྱོང་ལྗོངས་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་“ལོ་ལྔ་ཚན་བཅུ་གཉིས་པའི་”དུས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་དང་འཆར་འགོད》དང་། 《ལྗོངས་ཡོངས་ཀྱི་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྫོང་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས། ཤང་དང་གྲོང་བརྡལ་གྱི་རིག་གནས་ས་ཚིགས་བཅས་རིན་མི་དགོས་པར་སྒོ་ཕྱེ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》《ལྗོངས་ཡོངས་ཀྱི་དམངས་ཁྲོལ་སྒྱུ་རྩལ་ཚོགས་པ་མགྱོགས་མྱུར་ངང་འཕེལ་རྒྱས་དང་དོ་དམ་ཚད་ལྡན་ཡོང་བའི་སྐོར་གྱི་བསམ་འཆར》《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བའི་རིག་གནས་སྒྲིག་ཆས་རིན་མེད་སྒོ་ཕྱེ་བའི་ལས་ཀའི་ཚད་གཞི》སོགས་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་སྐོར་གྱི་སྲིད་ཇུས་ཡིག་ཆ་གཏན་འབེབས་གནང་།

སྲིད་ཇུས་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པར་བརྟེན། རྣམ་གྲངས་དང་མ་རྩ། འཇོན་མི་བཅས་ཀྱི་ཐད་ནས་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་འགན་སྲུང་ཐོབ།

སྡོམ་རྩིས་ལྟར་ན། ལོ་ལྔ་ཚན་བཅུ་གཉིས་པའི་ཚུན་ལ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ནུས་པ་འདོན་ཤུགས་ཇེ་ཆེར་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་སྟོན་ཁང་། ཤང་དང་གྲོང་བརྡལ་གྱི་རིག་གནས་ས་ཚིགས་སོགས་སྤྱི་བའི་རིག་གནས་སྒྲིག་ཆས་གཙོ་བོ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར13བཏང་བ་མ་ཟད། ལོ་རེར་རིན་མི་ལེན་པར་སྒོ་ཕྱེ་བ་དང་། སྒྲིག་ཆས་ཞིག་གསོ། ལྷུ་ལག་སྒྲིག་པ་ལ་སོགས་པའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར1བཀོད་སྒྲིག་གནང་།

ཉེ་བའི་ལོའི་ཚུན་ལ། རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས། ཤང་དང་གྲོང་བརྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་འཛུགས་སྐྲུན་བཅས་ལ་འཕེལ་རྒྱས་ཆེན་པོ་བྱུང་། ལྗོངས་ཡོངས་སུ་ཤང་དང་གྲོང་བརྡལ་གྱི་རིག་གནས་ས་ཚིགས543དང་། རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྦྱོང་ར་བ39། ས་ཁུལ་དང་གྲོང་ཁྱེར་རིམ་པའི་དཔེ་མཛོད་ཁང་དང་། དམངས་ཁྲོད་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་སྟོན་ཁང་བཅས17། དེ་མིན་བོད་ལྗོངས་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་ལྟེ་གནས་སོགས་རྣམ་གྲངས་དག་“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་བཞག་པ་དང་། མིག་སྔར་བརྒྱ་ཆའི70ཡི་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་ཡོད།

ཉི་མས། ད་ལོར་རང་སྐྱོང་ལྗོངས་ཀྱིས་སྤྱི་བའི་རིག་གནས་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ན་ནིང་ལོར་བསྐྲུན་ཚར་བའི་ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས382དང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྦྱོང་ར་བ7བཅས་ཀྱི་སྒྲིག་ཆས་ཆ་ཚང་དུ་བཏང་ནས་ཡོངས་སུ་བཀོལ་སྤྱོད་བྱས་པ་དང་། ན་ནིང་ལོར་ལེགས་འགྲུབ་མ་བྱུང་བའི་ཤང་དང་གྲོང་བརྡལ་གྱི་རིག་གནས་ས་ཚིགས161དང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྦྱོང་ར་བ32འཛུགས་སྐྲུན་ལས་ཀ་དམ་འཛིན་བྱས་པ་བརྒྱུད། ཤང་རེ་རེར་རིག་གནས་ས་ཚིགས་ཡོད་པའི་དམིགས་འབེན་མངོན་འགྱུར་བྱུང་ཞེས་བརྗོད།

འཆར་གཞི་ལྟར། ལོ་ལྔ་ཚན་བཅུ་གཉིས་པའི་མཇུག་ལ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དུ་དཔེ་མཛོད་ཁང་དང་། རྟེན་རྫས་བཤམས་སྟོན་ཁང་ཁྱབ་པའི་རེ་བ་ཡོད། མིག་སྔར་བོད་ལྗོངས་ཀྱི་ཟློས་གར་ཁང་ཆེན་མོ་འཛུགས་སྐྲུན་གྱི་ས་གནས་བདམས་པ་དང་། བྱེད་ནུས་གཏན་འཁེལ། གོ་དོན་ཇུས་འགོད་སོགས་ཀྱི་ཐོག་མའི་ལས་དོན་གཏན་འཁེལ་བྱས་ཤིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་ཀྱིས་ཐབས་ལམ་ཅི་རིགས་ལ་བརྟེན་ནས་རིག་གནས་ཐང་ཆེན1600བཙུགས་པ་དང་། ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་རིམ་པ་བཞིའི་སྤྱི་བའི་རིག་གནས་སྒྲིག་ཆས་དྲ་བ་འཐུས་ཚང་དུ་བཏང་ཁར། སྤྱི་བའི་རིག་གནས་སྒྲིག་ཆས་ཁེབས་ཚད་མཐོར་འདེགས་མངོན་གསལ་ཐོབ།

ཉི་མས“ལོ་རེར་མ་མཐའ་ཡང་འཁྲབ་གཞུང་རྩེ་གྲས་གཅིག་རེ་གསར་རྩོམ་འདོན་རྒྱུའི་དམིགས་འབེན་བཙུགས་ནས། ཉེ་བའི་འདི་འགའི་རིང་བོད་ལྗོངས་ཀྱིས་མི་རིགས་གླུ་གར་བརྩམས་ཆོས་ཆེན་མོ《མཛེས་པའི་གངས་ལྗོངས》དང་། 《ཡང་བསྐྱར་ཏང་ལ་རི་གླུ་ཞིག་འབུལ》 གསར་རྩོམ་ཟློས་གར《གསེར་མདོག་གི་ཁྱིམ་གཞིས》། གཏམ་བརྗོད་ཟློས་གར《བཀྲ་ཤིས་སྒང་།》《བཅིངས་འགྲོལ། བཅིངས་འགྲོལ།》 ལོ་གསར་གླུ་དབྱངས་དགོང་ཚོགས་《བོད་ལྗོངས་ཀྱི་དཔྱིད་ཀ》སོགས་བསམ་བློ་གཏིང་ཟབ་ཅིང་། སྒྱུ་རྩལ་གྱི་མཚོན་ཐབས་མཆོག་ཏུ་གྱུར་བ། མི་དམངས་མང་ཚོགས་ཀྱི་གསན་སྤྲོ་ལ་གཟིགས་འདོད་ཆེ་བའི་བརྩམས་ཆོས་སྐོར་ཞིག་གསར་རྩོམ་གནང་ཡོད”ཟེར།

ཕུལ་བྱུང་འཁྲབ་གཞུང་བརྩམས་ཆོས་འདི་དག་ལ་འོད་སྡེར་ཁྲི60ལྷག་བཟོས་ནས་རིན་མེད་ངང་གཞི་རིམ་ལས་ཁུངས་དང་མང་ཚོགས་ཁྲོད་བཀྲམས། སྤྱི་བའི་རིག་གནས་ཐོན་རྫས་ཧ་ཅང་ཕུན་སུམ་ཚོགས་སྟབས། མི་དམངས་མང་ཚོགས་ཀྱི་སེམས་ཁམས་དང་འཚམ་པའི་ཐབས་ལམ་འདྲ་མིན་སྤྱད་དེ་སྣ་མང་ཅན་གྱི་སྤྱི་བའི་རིག་གནས་ཞབས་ཞུ་མཁོ་འདོན་གནང་བར་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཡོད།

སྡོམ་རྩིས་ལ་གཞིགས་ན། 2013ལོར་ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བའི་རིག་གནས་སྒྲིག་ཆས་ཀྱིས་རིན་མི་ལེན་པའི་བྱེད་སྒོ་ཐེངས་ཁྲི1.2སྤེལ་བ་དང་། ཕན་ཁེ་རག་པའི་མི་གྲངས་ཁྲི200ལ་སླེབས་ཡོད་པས། “དམངས་ཡོངས་དཔེ་ཀློག་ཁྱབ་སྤེལ”དང་“དམངས་ཁྲོད་སྒྱུ་རྩལ་ཚོགས་པས་སྐོར་སྐྱོད་སྦྱོང་བརྡར”“དངོས་པོའི་རིག་གནས་མུ་འབྲེལ་འགྲེམས་སྟོན་”སོགས་ཀྱི་མིང་རྟགས་གྲགས་ཆེ་བའི་རིག་གནས་བྱེད་སྒོའི་རྣམ་པ་ཆགས་དང་། སྤྱི་བའི་རིག་གནས་སྒྲིག་ཆས་ཀྱི་བྱེད་ནུས་ལ་སྔར་ལས་ལྷག་པའི་འདོན་ཐུབ་པར་གྱུར།

“བོད་ལོ་མེ་ཏོག”དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནི2010ལོར་བཙུགས་ཤིང་། མིག་སྔར། སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ༡༧ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་དུང་དཀར་གྲོང་བརྡལ་བཟང་མོ་གྲོང་ཚོའི་གྲོང་མི་རེད། 2013ལོར“བོད་ལོ་མེ་ཏོག”ལྟ་བུའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཁྱོན་བསྡོམས་འཁྲབ་སྟོན་བྱེད་ཐེངས2000ལ་སླེབས། རིམ་པ་སོ་སོའི་རིག་གནས་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རིག་རྩལ་འཁྲབ་སྟོན་སོགས་ལྗོངས་ཡོངས་ཅན་དང་། དཔེ་སྟོན་ཅན་གྱི་མང་ཚོགས་རིག་གནས་བྱེད་སྒོ་རྩ་འཛུགས་བྱས་ནས། “ཞིང་འབྲོག་མང་ཚོགས་གྲོང་ཁྱེར་དུ་བསྐྱོད་ནས་འཁྲབ་སྟོན་བྱེད་པར་སྐུལ་འདེད་བྱས་པས། ཆེད་ལས་རིག་རྩལ་འཁྲབ་སྟོན་པ་གཞི་རིམ་དུ་བསྐྱོད་ནས་འཁྲབ་སྟོན་ལ་རོགས་འདེགས་བྱེད་པའི”རིག་རྩལ་འཁྲབ་སྟོན་གྱི་སྒྲིག་ཆགས་པ་རེད།

ཉི་མས“རྫོང་ཁག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལོ་ཧྲིལ་བོར་གཞི་རིམ་ཞིང་འབྲོག་ས་ཁུལ་དུ་འཁྲབ་སྟོན་བྱེད་བཞིན་ཡོད། མང་ཚོགས་ཀྱིས་གསན་སྤྲོ་ལ་གཟིགས་འདོད་ཆེ་བའི་རིག་རྩལ་རྣམ་གྲངས་ལ་བརྟེན་ནས་གཞི་རིམ་ཞིང་འབྲོག་མང་ཚོགས་ལ་ཏང་གི་སྲིད་ཇུས་ཁ་ཕྱོགས་དང་། ཚན་རྩལ། འཕྲོད་བསྟེན། ཁྲིམས་ལུགས་ཤེས་བྱ་བཅས་དྲིལ་སྒྲོག་གནང་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་བར་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད”ཟེར།

དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་སྡེ་ཁག་གིས་ཀྱང་མང་ཚོགས་ཀྱི་རིག་རྩལ་དཔུང་སྡེར་རོགས་སྐྱོར་ཆེན་པོ་རེད། རང་སྐྱོང་ལྗོངས་ཀྱིས་《〈བོད་རང་སྐྱོང་ལྗོངས་ཀྱི་ཤང་དང་གྲོང་བརྡལ་གྱི་ལས་ཁུངས་བཅོས་སྒྱུར་བྱས་ནས་ཤང་དང་གྲོང་བརྡལ་གྱི་སྒྲིག་འཛུགས་དང་སྲིད་དབང་འཛུགས་ལ་སྔར་ལས་ཤུགས་སྣོན་བྱེད་པའི་འབྲེལ་ཡོད་བསམ་འཆར་〉སྐོར་པར་འགྲེམས་བྱེད་པའི་བརྡ་ཁྱབ》ནང་ཤང་དང་གྲོང་བརྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་ལྔ་འཛུགས་པའི་སྒྲིག་ཁོངས་སུ་གཏན་འཁེལ་བྱས། རིམ་པ་ཁག་གི་རིག་གནས་སྡེ་ཚན་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་དཔུང་སྡེའི་བསམ་བློའི་སྤུས་ཚད་དང་ལས་ཀའི་བྱེད་ནུས་ཟབ་སྦྱོང་གནང་པ་དང་། སྐོར་བསྐྱོད་ཟབ་སྦྱོང་བྱེད་ཚད་ལ་ཤུགས་བསྣན་ནས་གཞི་རིམ་རིག་གནས་དཔུང་སྡེ་ཇེ་ཆེར་གཏོང་བར་ནུས་ལྡན་འཇོན་མའི་འགན་སྲུང་གནང་པ་རེད།

སྒྲིག་ཆས་དྲ་བ་སྔར་ལས་འཐུས་ཚང་དུ་ཕྱིན་པ། ཞབས་ཞུའི་ནུས་པར་མངོན་གསལ་གྱིས་མཐོར་འདེགས་བྱུང་པ། འཇོན་མིའི་དཔུང་སྡེ་སྔར་ལས་རྒྱ་ཆེར་ཕྱིན་པ། མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་གྱུར་པ། ཉེ་བའི་ལོ་འདི་འགའི་རིང་། རང་ལྗོངས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་བསྐྲུན་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་གྲུབ་འབྲས་བླངས་ཤིང་། ལྗོངས་ཡོངས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་ཆུ་ཚད་སྙོམས་སྒྲིག་ལ་མཐོར་འདེགས་བྱུང་བ་མ་ཟད། རིག་གནས་ཐོན་ཁུངས་ཁུལ་ཆེན་པོ་ནས་རིག་གནས་འཕེལ་རྒྱས་སྟོབས་ལྡན་ཁུལ་དུ་འགྱུར་པར་རྨང་གཞི་བརྟན་པོ་བསྐྲུན།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག