མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱི2020ལོར་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་ཐུབ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-09-14 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ལྟར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས《ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད》རྣམ་གྲངས་ཀྱི་དགོངས་འཆར་ཡི་གེ་བཟོས་ཤིང་། འཆར་འགོད་ཀྱི་ཁྱབ་ཁོངས་སུ་ལྷ་ས་གྲོང་ཁྱེར་གྱི་མངའ་ཁོངས་སྟེ་ཁྲེང་ཀོན་ཆུས། འདམ་གཞུང་རྫོང་། སྟོད་ལུང་བདེ་ཆེན་རྫོང་། ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་རྫོང་། སྙེ་མོ་རྫོང་། ལྷུན་གྲུབ་རྫོང་བཅས་འདུས། འཆར་འགོད་དུས་ཡུན་ནི2015ལོ་ནས2020ལོའི་བར་ཡིན་པ་དང་། 2020ལོར་ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གཞི་རྩའི་ཐོག་འཛུགས་ཐུབ།

ཞིང་གྲོང་གཞུང་ལམ་འཛུགས་བསྐྲུན་གཙོ་གནད་དུ་འཛིན་པ།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་གྱི་ཆེ་ཐ་མའི་ལོ་ལྔ་ཡིན་ལ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ལ་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ལེན་པའི་ལོ་ལྔའང་རེད། ཁ་སང་། གསར་འགོད་པས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་རྒྱུས་ལོན་བྱུང་པ་ལྟར་ན། 《ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད》གཏན་འཁེལ་དང་ལག་བསྟར་ལེགས་པོ་བྱེད་པ་དེར་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མཆོངས་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་ལ་ཁག་ཐེག་དང་། ༢༠༢༠ལོར་སླེབས་དུས་གཞི་རྩའི་སྟེང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བཙུགས་ནས། རྒྱལ་ཡོངས་དང་འགྲོས་གཅིག་ཏུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པར་འགྲིམ་འགྲུལ་གྱི་འགན་སྲུང་བརྟན་པོ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་འཛུགས་བསྐྲུན་ནི་ཞིང་གྲོང་གཞུང་ལམ་གཙོར་བཟུང་ནས། ཤར་གཏོང་དང་བདེ་འཇགས་ཀྱི་གཞུང་ལམ་དྲ་བའི་སྐྱེལ་འདྲེན་མ་ལག་འཛུགས་རྒྱུ་དང་། འབྲེལ་ཡོད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་གཞུང་ལམ་གྱི་ནུས་རྩལ་རིམ་པ་དང་གནོད་སེལ་ནུས་པ་ཇེ་མཐོར་བཏང་ནས། གཞུང་ལམ་འཛུགས་བསྐྲུན་དོ་དམ་གྱི་རྣམ་པ་གསར་གཏོད་དང་་གཞུང་ལམ་སྲུང་སྐྱོབ་འགན་སྲུང་ནུས་པ་ཇེ་མཐོར་བཏང་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་ནུས་རྩལ་ཚད་ལྡན་མ་ལག་འཛུགས་བསྐྲུན་འཐུས་ཚང་དུ་གཏོང་རྒྱུ་རེད།

“ལྷ་ས་གྲོང་ཁྱེར་གྱིས་གྲོང་ཤང་གི་འགྲུལ་སྐྱེལ་དེ‘ལོ་ལྔ་ཚན་བཅུ་གཉིས་པའི’རིང་གི་‘འཐབ་ཇུས་ཆེན་མོ་བཞི’ལག་བསྟར་གྲས་ཀྱི་གཅིག་ཏུ་བཟུང་ནས། ཞིང་གྲོང་འགྲུལ་སྐྱེལ་འཕེལ་རྒྱས་བྱས་ནས་གྲོང་ཤང་གཅིག་འདྲེས་ཇེ་མགྱོགས་སུ་གཏོང་པ། འགྲིམ་འགྲུལ་སྤྱི་བའི་སྒྲིག་ཆས་དེ་ཞིང་འབྲོག་ས་ཁུལ་དུ་རྒྱུན་བསྲིངས་པ་དང་། འགྲིམ་འགྲུལ་སྤྱི་བའི་ཞབས་ཞུ་ཞིང་འབྲོག་ས་ཁུལ་དུ་ཁྱབ་པར་སྐུལ་འདེད་བྱས་པ་དང་། ‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་། ལྷ་ས་གྲོང་ཁྱེར་གྱིས་རིམ་བཞིན་གྲོང་ཁྱེར་དང་ཤང་གི་འགྲིམ་འགྲུལ་གཞི་རྩའི་སྟེང་འདྲ་མཉམ་གྱི་དམིགས་ཡུལ་དེར་གཞིགས་ནས། སྔར་བས་གྲོང་ཤང་གི་འགྲུལ་སྐྱེལ་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དང་། མཐའ་འཁོབ་ཞིང་འབྲོག་ས་ཁུལ་དང་། དགོན་སྡེ་ལམ་ཐིག་ཤར་གཏོང་ཡོང་རྒྱུ་གཙོ་བོ་བཟུང་ནས་ཐག་གཅོད་བྱེད་རྒྱུ་ཡིན”ཞེས་ འགན་ཁུར་པ་དེས། གཞན་ལྷ་ས་གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་གྱི་འཚང་ཁ་ཐག་གཅོད་བྱེད་པ། ལྷ་སའི་གྲོང་ཁྱེར་གྱི་བར་སྟོང་སྒྲིག་གཞི་ལེགས་བཅོས་བྱེད་ཆེད། ལྷ་ས་གྲོང་ཁྱེར་གྱི་གློག་ལམ་ཅན་གློག་འཁོར་གྱི་འཆར་འགོད་ལས་དོན་སྤེལ་འཆར་འདུག

ལྷ་སས་དུང་དཀར་སྐྱེལ་འདྲེལ་ས་ཚུགས་འཛུགས་འཆར་ཡོད་པ།

ལྷ་ས་གྲོང་ཁྱེར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ན། སྤྱི་བའི་འགྲིམ་འགྲུལ་སྔོན་དུ་འཕེལ་རྒྱས་གཙོར་བཟུང་ཐོག གྲོང་ཤང་གི་སྤྱི་བའི་འགྲིམ་འགྲུལ་གཅིག་བསྡུས་ཅན་དམིགས་ཡུལ་དུ་བཟུང་ནས། ལྷ་ས་གྲོང་ཁྱེར་གྱིས་གང་མགྱོགས་སྒོས་ལྷ་སའི་གྲོང་ཁྱེར་འཕེལ་རྒྱས་དང་སྡོད་དམངས་འགྲུལ་བཞུད་ཀྱི་དགོས་མཁོ་དང་འཚམ་པའི་སྤྱི་བའི་འགྲིམ་འགྲུལ་མ་ལག་འཛུགས་རྒྱུ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། 《ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད》ཀྱི་འཆར་འགོད་ཁྱབ་ཁོངས་ནི་ལྷ་ས་གྲོང་ཁྱེར་གྱི་མངའ་ཁོངས་སྟེ།་ཁྲེང་ཀོན་ཆུས། འདམ་གཞུང་རྫོང་། སྟོད་ལུང་བདེ་ཆེན་རྫོང་། ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་རྫོང་། སྙེ་མོ་རྫོང་། ལྷུན་གྲུབ་རྫོང་བཅས་དང་། འཆར་འགོད་བྱེད་ཡུལ་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མཚོ་འདྲེན་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཆར་འགོད་དང་། གྲོང་ཤང་འགྲུལ་སྐྱེལ་དང་དངོས་ཟོག་སྐྱེལ་འདྲེན་ཞབས་ཞུའི་འཆར་འགོད་སོགས་འདུ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཆར་འགོད་ཀྱི་ལྟེ་བ་ནི་ལམ་རྒྱུད་གཞུང་ལམ་དང་ཞིང་གྲོང་གཞུང་ལམ་ཡིན་ལ། འཆར་འགོད་དུས་ཡུན་ནི༢༠༡༥ལོ་ནས༢༠༢༠ལོའི་བར་རེད།

ལྷ་ས་གྲོང་ཁྱེར་དུང་དཀར་སྐྱེལ་འདྲེན་ས་ཚུགས་ནི་གྲོང་ཤང་སྡོད་དམངས་འགྲུལ་བཞུད་ཀྱི་འགྲིམ་འགྲུལ་ལྟེ་གནས་གཙོ་གྲས་ཤིག་ཡིན་ལ། དེའི་འཛུགས་བསྐྲུན་ནི་ལྷ་ས་གྲོང་ཁྱེར་གྱི་སྤྱིའི་འཕེལ་རྒྱས་འཆར་འགོད་དང་འཚམས་པ་དང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི་ལམ་ཐག་རིང་པོའི་འགྲུལ་སྐྱེལ་དང་། ཞིང་གྲོང་གི་འགྲུལ་སྐྱེལ། གྲོང་ཁྱེར་གྱི་འགྲུལ་སྐྱེལ་དང་གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་གོ་ཆོད་པའི་མཐུན་འབྲེལ་ཡོང་པར་ཞབས་ཞུ་བྱས་ནས་མགྲོན་པོས་རླངས་འཁོར་གཅིག་ཀྱང་བརྗེ་མི་དགོས་པ་མངོན་འགྱུར་བྱེད་རྒྱུ་མ་ཟད། གྲོང་ཁྱེར་གྱི་འགྲིམ་འགྲུལ་འཚང་ཁའི་སྣང་ཚུལ་ཐག་གཅོད་བྱེད་པ་དང་མཉམ་དུ། ཉེ་འཁོར་གྱི་ཤང་དང་གྲོང་བརྡལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གནང་རྒྱུ་རེད།“ཉིན་འགའི་སྔོན་ང་ཚོས་རང་སྐྱོང་ལྗོངས་འཛུགས་བསྐྲུན་འཆར་འགོད་ཇུས་ཀྱི་ལས་བྱེད་མི་སྣས་དུང་དཀར་འགྲུལ་སྐྱེལ་ས་ཚིགས་ཀྱི་འཛུགས་བསྐྲུན་རྣམ་གྲངས་སྐོར་གྱི་འབྲེལ་ཡོད་འཆར་འགོད་དཔྱད་ཞིབ་སྙན་ཞུར་ཉན་མ་ཐག་ཡིན”ཞེས་འགན་ཁུར་པ་དེས། གཞན་ད་དུང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལས་བྱེད་མི་སྣས་དུང་དཀར་འགྲུལ་སྐྱེལ་ས་ཚུགས་བཙུགས་རྗེས་འབྲེལ་ཡོད་འཐུས་ཚང་ཞབས་ཞུའི་འཛུགས་བསྐྲུན་དང་། སྤྱི་བའི་འགྲིམ་འགྲུལ་ལམ་ཐིག་འཆར་འགོད། གནད་དོན་སྐོར་གྱི་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་སྐོར་་བཅས་ལ་འཛུགས་བསྐྲུན་རང་བཞིན་གྱི་དགོངས་འཆར་མང་པོ་བཏོན་བྱུང་ཞེས་ངོ་སྤྲོད་གནང་བྱུང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག