མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལེའོ་ཉིང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-13 11:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས9ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར་ལེའོ་ཉིང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཁ་གཏད་བོད་སྐྱོར་གྱི་ཇུས་གཞིའི་ཐད་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་མིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་ཚབ་ཞུས་ནས་ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་ལེའོ་ཉིང་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཆེན་པོ་དང་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཁྲེན་ཆོན་གོས་ཁ་གཏད་བོད་སྐྱོར་གྱི་ལས་དོན་བསྒྲུབ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལོ་20ཡི་རིང་ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་སྣང་ཆེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བཅས་བྱས་ཏེ་ཁ་གཏད་བོད་སྐྱོར་གྱི་ལས་དོན་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ཉིན་རེའི་ལས་རིམ་གལ་ཆེན་ནང་བཅུག་ཡོད་པ་རེད། ལེའོ་ཉིང་ཞིང་ཆེན་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནག་ཆུ་ས་ཁུལ་དུ་རོགས་སྐྱོར་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་ཀར་བརྩིས་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཐད་ལེགས་གྲས་འདེམས་གཏོང་དང་། མ་དངུལ་བཀོད་སྒྲིག་ཐད་སྔོན་དུ་གཏོང་སྤྲོད། རྣམ་གྲངས་འཛུགས་སྐྲུན་ཐད་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ་ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཡར་རྒྱས། ཞི་མཐུན་བརྟན་ལྷིང་བཅས་ལ་སྐུལ་མ་ནུས་ལྡན་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་བས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ཅེས་གསུངས་ཤིང་། ཁྲེན་ཆོན་གོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ལེའོ་ཉིང་ཞིང་ཆེན་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་དང་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གནང་བའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་སྔར་བས་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་ལེགས་པོ། ཏང་འཛུགས་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་ལེའོ་ཉིང་མི་དམངས་ཀྱི་འཇུངས་མེད་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུར་ང་ཚོར་ཡིད་ཆེས་དང་སེམས་ཤུགས་ཡོད་ཅེས་གསུངས་པ་རེད།

ཝང་མིང་གིས་བོད་དུ་ཉེ་བའི་ལོ་ཤས་རིང་སྒྱུར་འཕེལ་བརྟན་གསུམ་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ལེའོ་ཉིང་མི་དམངས་ཁྲི་4300ཡི་ཚབ་ཞུས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བླ་ན་མ་མཆིས་པའི་གུས་འདུད་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་བོད་ལ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་སྟེ། ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་ལེགས་པོ། ཏང་འཛུགས་ཤུགས་སྣོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་པ་དང་། ལྷག་པར་དུ་རང་རེའི་ཞིང་ཆེན་དང་ཁ་གཏད་རོགས་སྐྱོར་གྱི་ཆ་སྒྲིག་འབྲེལ་བ་བཙུགས་པའི་ནག་ཆུ་ས་ཁུལ་དུ་ཞིང་ལྗོངས་གཉིས་པོའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་འགག་སྒྲོལ་དཀའ་སེལ་བྱས་པ་བརྒྱུད་ནག་ཆུ་ས་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་། ནག་ཆུ་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་འཕེལ་རིམ་མགྱོགས་སུ་སོང་སྟེ་ང་ཚོའི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་སེམས་གཏིང་ནས་དགའ་སྤྲོ་དང་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་གསུངས་པ་རེད།

ཝང་མིང་གིས་བོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱི་འཐབ་ཇུས་གནས་བབ་གལ་ཆེན་ལྡན་ཡོད། ལེའོ་ཉིང་གིས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལོ་20ཡི་རིང་ང་ཚོས་བོད་སྐྱོར་ལས་དོན་དོར་དུ་མེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་བོད་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ་དང་བོད་སྐྱོར་ལས་དོན་གྱི་སྒྲིག་སྲོལ་ལམ་ལུགས་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་ངང་བོད་སྐྱོར་མ་དངུལ་དང་རྣམ་གྲངས་འཆར་འགོད་བྱས་ནས་བོད་མི་དམངས་དང་མཉམ་དུ་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མགྱོགས་པོ་ཡོང་བར་ཐུན་མོང་ཐོག་སྐུལ་སྤེལ་བཏང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བླང་བྱ་དང་བཀོད་སྒྲིག་གཞིར་བཟུང་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་གཉིས་པོར་དམ་འཛིན་ནན་པོ་བྱེད་པ་དང་། བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་འགྲོ་བ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བ་དང་། བོད་ཀྱི་སྤྱི་ཚོགས་དུས་བབ་གཞི་རྩའི་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་རྒྱུར་དམ་པོར་དམིགས་ཏེ་ལས་ཀའི་བྱ་ཐབས་ཁག་སྔར་བས་ཞིབ་བཟོ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་། ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་བཅས་བྱས་ཏེ་ནག་ཆུ་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མཉམ་དུ་བདེ་སྡུག་མཉམ་མྱོང་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ཀྲུང་དབྱང་གིས་ང་ཚོར་གནང་བའི་ཁ་གཏད་རོགས་སྐྱོར་གྱི་ལས་འགན་ལེགས་གྲུབ་མཐའ་གཅིག་ཏུ་བྱེད་པ་དང་། ནག་ཆུ་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་ཀྲུང་དབྱང་གི་ཡིད་ཆེས་དང་བོད་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་གཏོང་གི་མིན། མིག་སྔར་ལེའོ་ཉིང་དང་བོད་འདི་ཉིད་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གཅིག་མཚུངས་ཐོག་གནས་ཡོད། ང་ཚོས་བོད་ཀྱི་བློ་མཐུན་ཚོ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་20འཁོར་བ་དང་ཀྲུང་དབྱང་གིས་ལག་བསྟར་བྱས་པའི་རེས་སྐོར་གསར་པའི་བྱང་ཤར་དར་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་དེ་ཆུ་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་ནས་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་འགྲུབ་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

བོད་དུ་བཞུགས་རིང་ཝང་མིང་གིས་ད་དུང་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ལེའོ་ཉིང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པར་གཟིགས་པ་མ་ཟད། ནག་ཆུ་ས་ཁུལ་དུ་བསྐྱོད་དེ་རོགས་སྐྲུན་རྣམ་གྲངས་ཀྱི་ས་གནས་ས་ཐོག་དང་ཞིང་འབྲོག་པའི་དུད་ཁྱིམ་སོགས་སུ་ཟབ་ཞུགས་ཀྱིས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཐད་ཡུལ་དངོས་ཀྱི་བརྟག་ཞིབ་གནང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག