མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱིས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-13 11:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན་བོད་རང་སྐྱོང་ལྗོངས་ཀྱི་དགེ་རྒན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ནས་བཟུང་བོད་ཀྱིས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས2016ལོར་སླེབས་སྐབས་ཁ་གསབ་ཀྱི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར1000ཟིན་རྒྱུ་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུའི་ཐོག་སླད་ཕྱིན་གྱི་ལོ་གཉིས་ནང་བོད་ཀྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་དེ་ཁུལ་རིགས་གཉིས་པའི་ལོ་རེའི་བཅད་གྲངས་དེ་མི་རེར་ཟླ་རེར་སྒོར100སྤོར་རྒྱུ་དང་། ཁུལ་རིགས་གསུམ་པའི་ལོ་རེའི་བཅད་གྲངས་དེ་མི་རེར་ཟླ་རེར་སྒོར200སྤོར་རྒྱུ། ཁུལ་རིགས་བཞི་པར་ལོ་རེའི་བཅད་གྲངས་དེ་མི་རེར་ཟླ་རེར་སྒོར300སྤོར་རྒྱུ་དང་། 2016ལོར་སླེབས་སྐབས་ཁ་གསབ་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར1000ཟིན་རྒྱུའི་ནང་ཁུལ་རིགས་གཉིས་པར་མི་རེར་ཟླ་རེར་སྒོར་500ཟིན་རྒྱུ་དང་། ཁུལ་རིགས་གསུམ་པར་མི་རེར་ཟླ་རེར་སྒོར1000ཟིན་རྒྱུ། ཁུལ་རིགས་བཞི་པར་མི་རེར་ཟླ་རེར་སྒོར1500ཟིན་རྒྱུ་རེད་ཅེས་གསུངས་ཡོད།

མཐའ་མཚམས་དང་ཐག་རིང་རྫོང་དང་ཤང་གི་དགེ་རྒན་གྱི་ལས་ཀའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་ཆེད་བོད་ཀྱི་ས་གནས་ཁག་གིས་དགེ་རྒན་གྱི་ཐོབ་ཐང་ཁག་དོན་འཁྱོལ་ཏན་ཏིག་བྱེད་པའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ཏེ་སྲིད་ཇུས་ཁག་འདྲ་མིན་བཟོས་ནས་དགེ་རྒན་གྱི་ཐོབ་ཐང་མཐོ་རུ་དང་དགེ་རྒན་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ཞིང་། བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ2013ལོ་ནས་བཟུང་དཀའ་ཚེགས་ཆེ་བའི་ཁུལ་གྱི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་ལེགས་སུ་བཏང་ནས་ཟླ་རེའི་གླ་ཕོགས་སྒོར200ནས་སྒོར800བར་སྤར་བ་དང་། བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་མཐོ་གྲང་རྫོང་གི་སློབ་གྲྭའི་ཉི་འོད་བར་འཁྱམས་འདུ་འགོད་དང་དགེ་རྒན་གྱི་ལས་ཤག་འདུ་འགོད་ལག་བསྟར་ཧུར་ཐག་བྱས་ཏེ་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་དང་དགེ་རྒན་གྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་བ། བོད་ལྗོངས་ནག་ཆུ་ས་ཁུལ་དུ་གསར་དུ་བགོ་བཤའ་བརྒྱབ་པའི་ནག་ཆུའི་ནུབ་རྒྱུད་རྫོང་གི་གྲོང་གསེབ་དགེ་རྒན་ལ་ཐེངས་གཅིག་ལ་གཞིས་ཆགས་ཁ་གསབ་དངུལ་སྒོར་ཁྲི་2སྤྲད་པ་དང་འབྲེལ་ཐག་རིང་ཤང་གྲོང་དུ་ཡུན་རིང་དགེ་རྒན་བྱེད་མཁན་ལ་གོ་མིང་དཔྱད་འདེམས་ཐད་སྐར་མ་སྣོན་པའི་ལམ་ལུགས་ལག་བསྟར་བྱས་ཡོད།

གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས2014ལོའི་ཟླ1ཚེས1ཉིན་ནས་བཟུང་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་དགེ་རྒན་དང་ལས་བཟོ་ཚོར་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་འགོ་ཚུགས་པའི་ནང་བོད་སྐྱོར་དགེ་རྒན་དང་དེ་བཞིན་གན་རྒྱའི་ལམ་ལུགས་ཀྱི་བཟོ་པ་ཚུད་ཡོད། ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་མཐའ་མཚམས་རྫོང་གི་མི་རེར་ཟླ་རེར་སྒོར300དང་། སྒོར600 སྒོར900བཅས་ཀྱི་ཚད་གཞི་ལྟར་སྤྲད་ནས་མིག་སྔར་ཟླ་རེར་མི་རེར་ཆ་སྙོམས་སྒོར600ཟིན་ནས་བོད་ཀྱི་གྲོང་གསེབ་དགེ་རྒན་ཁྲི་1ལྷག་ཙམ་ལ་ཕན་པ་ཐོབ་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག