མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བོན་གྱི་རིག་གནས་སྐོར་བརྙན་ཕབ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-09-13 11:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་མུ་འབྲེལ་བརྙན་འཕྲིན་ཆེན་མོ《རྒྱལ་ནོར་ཡིག་ཚགས》ཞེས་པའི་ལེ་ཚན་གྱི་བརྙན་ཕབ་ཚན་ཆུང་ཐེ་བོ་རུ་བསྐྱོད་ནས། དུས་ཡུན་རིང་བོར་ཉར་ཚགས་བྱ་རྒྱུའི་ཐེ་བོའི་བོན་ཆོས་རིག་གནས་དང་འབྲེལ་བའི་ཆེད་དམིགས་དངོས་བྲིས་བརྙན་འཕྲིན་ཞིག་བརྙན་ཕབ་བྱས་པ་རེད།

ད་ལོའི་ཟླ6པར། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་འཆར་འགོད་དང་པར་བསྐྲུན་གནང་བའི《ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ནས་ཐོན་པའི་དམངས་ཁྲོད་ཀྱི་བོད་ཡིག་གི་གནའ་བོའི་བོན་གྱི་ཡིག་ཆ་གཅེས་བཏུས》(དེབ60)ཞེས་པ་དེ་རྒྱལ་ཁབ་ཀྱི་གཙོ་འཛིན་རྒྱལ་ཕྱིར་འཚམས་འདྲིར་ཕེབས་སྐབས་ཀྱི་ལེགས་སྐྱེས་སུ་བདམས་ནས། དབྱིན་ཇིའི་ནེའུ་ཅིན་སློབ་གྲྭ་ཆེན་མོའི་པའོ་ཏི་ལིང་དཔེ་མཛོད་ཁང་ལ་མཚམས་སྐྱེས་སུ་ཕུལ་བ་དང་། འདི་ནི་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གི་གཅེས་སྒྲིག་དཔེ་ཚོགས་རྒྱལ་ཁབ་ཀྱི་མཚམས་སྐྱེས་ནོར་བུར་བདམས་ནས་ཕྱི་རྒྱལ་གྱི་ཞིབ་འཇུག་ལས་ཁུངས་ལ་ཕུལ་བའི་ཐོག་མ་ཡིན་ཞིང་། 《ཡིག་ཆ་གཅེས་བཏུས》འདི་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་གནད་ཆེའི་དཔེ་སྐྲུན་འཆར་འགོད་ཀྱི་ལས་གཞི་ཞིག་ཡིན་ལ། དཔེ་ཚོགས་འདི་རྩོམ་སྒྲིག་བྱེད་པ་ལ་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་སོགས་ཀྱི་ས་ཆ་རེ་རེ་བཞིན་ཞིབ་ཉུལ་བྱས་ནས་ཞིབ་ཚགས་ཀྱིས་འཚོལ་བཤེར་བྱས་པ་བརྒྱུད། བོད་ཀྱི་གནའ་ནས་ད་བར་དུ་ཉར་འཇོག་དང་རྒྱུད་འཛིན་ཅི་ཐུབ་བྱས་ཡོད་པའི་བོན་གྱི་ཡིག་ཆ་སྟེ་བོད་རིགས་དམངས་ཁྲོད་ཀྱི་བོན་ཀྱི་ཡིག་ཆ80ལྷག་ལག་སོན་བྱུང་ནས། སྡོམ་པས་བམ་པོ1500ལྷག་ཡོད་ཅིང་། དེབ60ཡི་རྣམ་པ་རུ་བགོས་ནས་དཔར་སྐྲུན་བྱས་འདུག་ལ། དཔེ་ཚོགས་འདིར་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་སོགས་བོད་ཀྱི་ས་ཆ་སོ་སོའི་དམངས་ཁྲོད་ནས་མི་རབས་དུ་མར་བརྒྱུད་དེ་ཉར་ཚགས་བྱས་པའི་བོན་གྱི་དཔེ་རྙིང་རྐྱང་རྐྱང་འཚོལ་སྡུད་བྱས་ཡོད་པ་དང་། བརྗོད་བྱའི་ཐད་དུ་བོན་ཀྱི་ཁ་དོན་དགེ་སྦྱོར་དང་ཆོས་དཔེ། ལོ་རྒྱུས་ཀྱི་འགྱུར་བ། བོན་གྱི་བླ་མའི་རྣམ་ཐར། བོན་གྱི་གསོ་བ་རིག་པ། བོད་ཀྱི་གནའ་བོའི་རྩིས་དང་མོ་ཡིག ནད་བཅོས་བགེགས་སེལ། གཉེན་དང་འདས་མཆོད། དུས་ཆེན་སོགས་བོད་ཀྱི་རིག་གནས་དང་འབྲེལ་བའི་ཡིག་ཆ་ཕལ་ཆེར་མ་འདུས་པ་མེད་ལ། ཧ་ལམ་བོད་ཀྱི་གནའ་བོའི་བོན་ཆོས་རིག་གནས་དང་འབྲེལ་བའི་ཕྱོགས་སོ་སོའི་ནང་དོན་ཁ་ཚང་ཚུད་ཡོད་ཅེས་བཤད་ཀྱང་ཆོག་པ་རེད།

ད་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཡིག་ཆ་འདི་དག བོད་ཀྱི་གནའ་བོའི་དུས་ཀྱི་བོན་ལ་དད་མོས་བྱེད་པ་དང་སྤྱི་ཚོགས་འཚོ་བ་བརྗོད་བྱ་ཡིན་པའི་ཡིག་ཆའི་བང་མཛོད་ཅིག་ཏུ་ངེས་ཤིང་། བོད་ཀྱི་གནའ་བོའི་སྐད་དང་ཡི་གེ ཆོས་ལུགས་དད་མོས། དམངས་སྲོལ་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་པ་རེད། ཡིག་ཆ་གཅེས་བཏུས་འདིའི་འཚོལ་སྡུད་ཀྱི་བྱ་བ་ལོ་བཅུའི་རིང་སྤེལ་བ་དང་། ནང་དོན་གྱི་ཁེབས་ཚད་ཀྱི་ངོས་ནས་རང་རེའི་བོད་ཀྱི་བོན་ཆོས་ཀྱི་ཡིག་ཆའི་ཤེས་བྱ་སྣ་འཛོམས་ཀྱི་དཔེ་ཆ་ཞིག་ཡིན་པ་རེད།

ཐེ་བོ་ནི་བོད་རིགས་འདུས་སྡོད་ཀྱི་ས་ཆ་ཞིག་ཡིན་པ་དང་། དེ་ལས་ཀྱང་ཀན་སུའུ་ཞིང་ཆེན་གྱི་བན་བོན་གྱི་ཆོས་ལུགས་མི་འདྲ་བར་དད་མོས་བྱེད་ཀྱིན་ཡོད་པའི་ས་ཁུལ་གཅིག་པུའང་ཡིན། ཐེངས་འདིར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེན་ཚན་འདི་ཐེ་བོར་ཕྱིན་ནས་བརྙན་ཕབ་བྱེད་སྐབས། ཐེ་བོའི་གྲོང་བརྡལ་གཉིས་ཀྱི་བོན་གྱི་དགོན་པ་དང་སྡེ་བ་གཉིས་ལ་སོང་ནས་བརྙན་ཕབ་བྱས་ཤིང་། བོན་ཀྱི་ཆོས་ལུགས་འདི་ཐེ་བོའི་ཡུལ་ལ་ཐོག་མར་དར་བ་དང་། དེ་ནས་འཕེལ་རྒྱས་དང་རྒྱུད་འཛིན་སྲུང་སྐྱོབ་བྱས་པའི་སྐོར་ནས་ཞིབ་ཅིང་ཕྲ་བར་བརྙན་ཕབ་བྱས་འདུག དཔེ་ཚོགས་འདི་རྩོམ་སྒྲིག་གྱི་བྱ་བའི་ཐོག་མཐའ་བར་གསུམ་ལ་ཞུགས་ཡོད་པའི་རྩོམ་སྒྲིག་པ་ཕ་ཡུལ་ཐེ་བོ་ཡིན་པའི་ལན་ཀྲུ་སློབ་ཆེན་གྱི་དགེ་རྒན་ངག་དབང་དང་ས་གནས་ཀྱི་ཆེད་མཁས་དབྱང་ཝིན་ཚའེ་སོགས་ཀྱིས་བཅར་འདྲི་དང་ལེན་བྱས་ཡོད་པ་དང་། བརྙན་ཕབ་ཚན་ཆུང་གིས་ནན་ནན་ཏན་ཏན་གྱིས་ཡུལ་ལྗོངས་རེ་རེ་བཞིན་བརྙན་ཕབ་ཀྱི་འཆར་གཞི་ལྟར་སྒྲུབ་ནས། དོན་དངོས་ཡིན་པའི་ངེས་པ་དོན་གྱི་ཞིབ་ཆ་མང་དུ་བླངས་ནས་མཇུག་མཐའི་རྩོམ་སྒྲིག་ལ་གྲ་སྒྲིག་ལེགས་པ་བྱས་འདུག་པ་མ་ཟད། ལྷ་གཉན་གྱི་མཐུ་ལྟར་ངོ་མཚར་སྟོང་གིས་ཕྱུག་པའི་བོན་གྱི་རིག་གནས་ལས་གཞན། ཐེ་བོའི་གདོལ་མའི་རི་གྲོང་གི་རི་ལུང་གི་མཛེས་ལྗོངས་དང་ཡུལ་སྲོལ་རིག་གནས་ཀྱང《རྒྱལ་ནོར་ཡིག་ཚགས》ཞེས་པའི་བརྙན་འཕྲིན་འདི་ལས་མིག་གི་ལྟད་མོ་རུ་མཐོང་ཐུབ་པས། རྒྱལ་ཡོངས་ཀྱི་ལྟད་མོ་བ་ཀུན་གྱི་ཡིད་སེམས་དབང་མེད་དུ་འཕྲོག་ངེས་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག