མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཟླ་འདིའི་ཚེས25ནས27ཉིན་བར་ལྷ་སར་གཉེར་རྒྱུ་གཏན་ཁེལ་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-13 11:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས10ཉིན་གྱི་སྔ་དྲོ་རིག་གནས་པུའུ་དང་། རྒྱལ་ཁབ་ཡུལ་སྐོར་ཅུས། བོད་རང་སྐྱོང་ལྗོངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་བའི་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཟླ་9ཚེས་25ནས་27ཉིན་བར་ལྷ་སར་གཉེར་རྒྱུའི་གཏན་འཁེལ་བྱས་པ་རེད།

ལྗོངས་སྲིད་གཞུང་གི་དྲུང་ཆེ་བོད་ལྗོངས་འགྲེམས་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཞུས་ཞུའེ་ཀོང་གིས་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།

སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་ནང་དོན་གཙོ་བོར་འགོ་ཚུགས་མཛད་སྒོ་དང་། སྙིང་དོན་གླེང་སྟེགས། འགྲེམས་སྟོན། དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ། མཇུག་འགྲིལ་མཛད་སྒོ་བཅས་ཕྱོགས་ཁག་5ཡོད་པའི་ཁྲོད་སྙིང་དོན་གླེང་སྟེགས་དེར“འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་འཛུགས་སྐྱོང”དང“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་འཛུགས་སྐྱོང”གི་གྲོས་དོན་2ཡོད་པ་དང་། འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་ཡུལ་ནི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ཡིན་པ་དང་། དེའི་ནང་དོན་ནི་ཡུལ་སྐོར་སྟེགས་བུ་དང་རིག་གནས་སྟེགས་བུ་གཉིས་ཡིན་པ། དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་དེར་རྒྱལ་ཕྱིའི་ཚོང་འགྲུལ་གྱི་རྟོག་ཞིབ་དང་། གྲོས་མོལ། ཚོང་འགུགས་མ་འདྲེན། གྲོས་མཐུན་འཇོག་པ་སོགས་ཚུད་ཡོད། ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་དེ“བབ་ཆགས་གྲ་རྒྱས་དང་། དོན་གཉེར་ནུས་མཐོ། ཞི་མཐུན་རིམ་ལྡན། ཁྱད་ཆོས་འབུར་ཐོན”བཅས་ཀྱི་རྩ་དོན་གཞིར་བཟུང་འགོ་ཡག་པོ་འཛུགས་ཐུབ་པ་བྱས་ནས་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་། རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས། མངའ་ཁོངས་ཀྱི་ཁྲིད་སྟོན་ནུས་པ་བཅས་ལྡན་པའི་བོད་ཀྱི་ཡུལ་སྐོར་རིག་གནས་འོས་སྦྱོར་སྤེལ་རེས་ཀྱི་སྟེགས་བུ་རྩེ་གྲ་ཞིག་ཏུ་གཏོད་རྒྱུ་ཡིན་པ་རེད།

བོད་ལྗོངས་འགྲེམས་ཚོགས་ཀྱི་འགྲེམས་སྟོན་ཟླ་9ཚེས་26ཉིན་དངོས་སུ་འགོ་འཛུགས་རྒྱུ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་འགྲེམས་ཁང་བཙུགས་ནས་ཡུལ་སྐོར་སྟེགས་བུ་དང་རིག་གནས་སྟེགས་བུ་ཁག་གཉིས་ལ་དབྱེ་ཡོད། ཡུལ་སྐོར་འགྲེམས་སྟོན་དེར་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་པར་རིས་འགྲེམས་སྟོན། པར་ལེན་པར་རིས་དང་ཡུལ་སྐོར་ཚོང་ཟོག་འགྲེམས་སྟོན་བཅས་ནང་དོན་ཁ་ཤས་ཡོད་པ་དང་། རིག་གནས་འགྲེམས་སྟོན་དེར་གཙོ་བོ་བོད་ཀྱི་རིག་དངོས་འགྲེམས་སྟོན་དང་བོད་ཀྱི་ཐང་ག་བརྒྱའི་འགྲེམས་སྟོན་སོགས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག