མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བོད་སྨན་སྨན་རྫས་སྔོག་འདོན་སྐོར་གྱི་སྲུང་སྐྱོང་ལམ་ལུགས་འཛུགས་པར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-20 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་གྱི་ཕྱི་དྲོར། བོད་ལྗོངས་ཀྱིས་བོད་སྨན་སྨན་རྫས་སྔོག་འདོན་སྐོར་གྱི་སྲུང་སྐྱོང་ལམ་ལུགས་འཛུགས་པའི་ཆེད་བསྒྲིགས་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་སྟེང་བོད་སྨན་སྨན་རྫས་སྔོག་འདོན་སྲུང་སྐྱོང་བྱ་བའི་མགོ་ཁྲིད་ཚོ་ཆུང་བཙུགས།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་ཚོགས་འདུ་ལ་འགོ་འཛིན་མཛད་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཚོགས་འདུ་ལ་ཞུགས།

ཚོགས་འདུ་ལས་བསྟན་དོན། བོད་སྨན་སྨན་རྫས་ནི་རང་བྱུང་ཐོན་ཁུངས་གལ་ཆེན་ཡིན་ཏེ། དེ་ལ་དཔལ་འབྱོར་རིན་ཐང་དང་། དམངས་འཚོའི་རིན་ཐང་། རིག་གནས་རྒྱུད་འཛིན་རིན་ཐང་དང་། སྐྱེ་ཁམས་རིན་ཐང་གལ་ཆེན་ལྡན་པས། འཛམ་གླིང་ཡོངས་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ལྡན་ཟེར།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། བོད་ལྗོངས་ཀྱི་བོད་སྨན་སྨན་རྫས་ཀྱི་དགོས་མཁོ་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད་པས། བོད་སྨན་སྨན་རྫས་ཀྱི་ཚོང་ར་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། སྨན་རྫས་ཐོན་ཁུངས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར། ངེས་བར་དུ་སྲུང་སྐྱོང་ལམ་ལུགས་ནུས་ལྡན་འཛུགས་སྐྲུན་བྱེད་དགོས། བོད་སྨན་སྨན་རྫས་ལ་སྲུང་སྐྱོང་བྱེད་རྒྱུ་ནི་རྨང་གཞིའི་བཟོ་སྐྲུན་ཞིག་ཡིན་པ་དང་། ཡུན་རིང་གི་བཟོ་སྐྲུན། མ་ལག་བཟོ་སྐྲུན་ཞིག་ཀྱང་ཡིན། དེ་བས་ཡུན་རིང་གི་འཆར་འགོད་བཟོ་དགོས་པ་དང་། ཕྱོགས་བསྡུས་ངང་བདག་སྐྱོང་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་འབྲེལ་ཡོད་ནུས་ཤུགས་ཡོངས་རྫོགས་བྱ་གཞག་དེའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་དགོས་ཟེར།

ཚོགས་འདུའི་བླང་བྱ་ལྟར་ན། འབྲེལ་ཡོད་སྡེ་ཁག་སོ་སོས་བོད་སྨན་སྨན་རྫས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་མཐོང་ཆེན་གནང་དགོས་པ་མ་ཟད། བོད་ལྗོངས་ཀྱི་སྨན་རྫས་སྲུང་སྐྱོང་འཕེལ་རྒྱས་བསམ་འཆར་མྱུར་དུ་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། རང་ལྗོངས་ཀྱི་བོད་སྨན་སྨན་རྫས་སྲུང་སྐྱོང་དོ་དམ་བྱེད་ཐབས་གཏན་ལ་ཕབ་པ་དང་། མཉམ་འབྲེལ་ངང་ཁྲིམས་འཛིན་བྱེད་པ་དང་། རིགས་འབྱེད་དེ་དོ་དམ་བྱེད་པ། གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྲུང་སྐྱོང་ལམ་ལུགས་འཛུགས་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག