ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང༌། གསར་འགོད་པས་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་སྟེགས་ཀྱི་གཟེངས་བསྟོད་སྐུལ་སྤེལ་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཉེན་རྟོག་ལས་དོན་ས་ཚིགས153ཚང་མར་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་སྟེགས་བཙུགས་པ་དང༌། རིམ་བཞིན་ལྗོངས་ཡོངས་ལ་ཁྱབ་གདལ་གཏོང་རྒྱུར་ཉམས་མྱོང་བཟང་པོ་མཁོ་འདོན་བྱེད་རྒྱུ་རེད།
རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒྱ་མཚོ་ལྷ་མོས་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་ལོ2013ལོའི་ཟླ་བ6པར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོད་ལྟའི་རྣམ་པའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི110དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་བཅུར་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་སྟེགས་བཙུགས་པ་དང༌། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ལས་དོན་སྤེལ་རྒྱུ་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་ལས་སྟེགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ནས་ལོ་གཅིག་སོང་རིང༌། ཁྱིམ་ཚང་གི་རྩོད་གཞི་དང་ཁྱིམ་ཚང་གི་རྩུབ་སྤྱོད། ནར་མ་སོན་པའི་བྱིས་པར་སྲུང་སྐྱོབ་དང་རོགས་སྐྱོབ་སོགས་འདྲི་རྩད་ཀྱི་གྱོད་གཞི60ཙམ་བདག་སྤྲོད་བྱས་ནས། བུད་མེད་མང་ཚོགས་ཀྱི་རེ་འདུན་ཞུ་སའི་སྟབས་བདེའི་ཐབས་ལམ་དང་བུད་མེད་མང་ཚོགས་ལ་ཞབས་ཞུ་བྱེད་པའི་གཅེས་སེམས་དཀར་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། །