མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་འབྱུང་འགྱུར་དེ་བས་ལེགས་པ་ཡོང་ངེས་ཡིན་པ།

—— 2014·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་སྒྲིལ་གླེང་།

རྩོམ་པ་པོ། ཧན་ཅུན་ཅེས།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-08-16 12:30

    ཟླ་8ཚེས་13ཉིན་དུས་ཡུན་ཉིན་གཅིག་དང་ཕྱེད་ཀ་ཡིན་པའི“2014·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་སར་མཇུག་འགྲིལ་བ་རེད།རྒྱལ་ཁབ་དང་ས་ཁུལ་30ཙམ་ནས་ཡིན་པའི་རིགས་གཅིག་མཁས་ཅན་དང་།མཁས་དབང་།གཞུང་ཕྱོགས་མི་སྣ་བཅས་ད་ཐེངས་ཀྱི་གླེང་སྟེགས་ནང་ཞུགས་པ་དང་།ཉིན་གཅིག་དང་ཕྱེད་ཀའི་རིང་ཚོགས་ཆེན་གྱི་གཏམ་བཤད་དང་ཚོགས་ཆུང་སྤེལ་རེས་སོགས་བགྲོ་གླེང་གྲོས་བསྡུར་བྱས་པ་བརྒྱུད་ཚོགས་ཞུགས་སྐུ་མགྲོན་གྱིས་མཐར《ལྷ་སའི་ཐུན་མོང་གི་ངོས་འཛིན》བཞག་པ།

    དབྱར་ཟླ་བརྒྱད་པའི་ལྷ་ས་ནི་ལོ་གཅིག་ནང་གནམ་གཤིས་ལེགས་ཤོས་ཀྱི་དུས་ཚིགས་ཡིན་པས་གང་ས་གང་དུ་སྔོ་ཐིང་ཐིང་དང་ཡུལ་སྐོར་བས་ཁེངས་ཡོད།

    ཟླ་8ཚེས་12ནས་ཚེས་13ཉིན་བར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་དུ་ཐུན་མོང་ཐོག་2014·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་གནས་མཆོག་ལྷ་སར་གཉེར་ཞིང་།ཀྲུང་གོ་དང་།ཨ་རི།ཀེ་རི་སེ།དབྱིན་ཇི།རྒྱ་གར།ནེ་པ་ལ་སོགས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་33གྱི་སྲིད་གཞུང་དང་།གྲོས་ཚོགས།སྲིད་ཏང་།སྨྱན་སྦྱོར།མཐོ་སློབ།ཞིབ་འཇུག་སྒྲིག་གཞི་བཅས་དང་དེ་བཞིན་ཀྲུང་གོའི་རྒྱལ་ནང་གི་འབྲེལ་ཡོད་ཕྱོགས་ཁག་གི་སྐུ་མགྲོན་100ཙམ་ད་རེས་གླེང་སྟེགས་ནང་ཞུགས་ཡོད།དེ་ནི་ལོ་རྒྱུས་ཐོག་ཀྲུང་གོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་གཉེར་བའི་བོད་ཀྱི་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་ཚོགས་འདུ་ཐེངས་དང་པོ་དེ་ཡིན་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས“བོད་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་དང་གདམ་ག”ཞེས་པའི་བརྗོད་བྱ་གཙོ་བོ་དང་དེ་བཞིན་ཡན་ལག་བརྗོད་བྱ“བོད་ཀྱི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལམ་བུ”དང“བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང”“བོད་ཀྱི་སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོང”བཅས་ལ་དམིགས་ཏེ་གྲོས་བསྡུར་འཁྲུག་པོ་དང་སྤེལ་རེས་གཏིང་ཟབ་བྱས་ནས་དགེ་མཚན་ལྡན་པའི་བསམ་འཆར་བཏོན་པ་དང་རྣམ་པ་མཛའ་གྲོགས་ཆེ་ཞིང་ལྷག་བསམ་རྣམ་དག་ཡོད་པ་རེད།

    《རྒྱ་གར་ཆོས་པའི་ཚགས་པར》ཚགས་ལས་ཚོགས་པའི་ཏུང་ཧྲི་ཀྲང་སྐུ་ཞབས་ལ་མོ་ནི་བོད་དུ་སྐྱོད་ཐེངས་གསུམ་པ་ཡིན་པ་དང་ཁོང་གིས་ཚོགས་འདུའི་ཐོག“སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་བོད་རང་སྐྱོང་ལྗོངས་ཀྱིས་མགྱོགས་མྱུར་དང་རྒྱུན་སྲིང་གི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཡོད།འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ས་ཁུལ་དེ་གའི་མི་གྲངས་ཁྲི་300ལ་ཕན་པ་ཐོབ་ཡོད།མིག་སྔར་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་འགྲོ་བཞིན་ཡོད།ལོ་ཉི་ཤུའི་རིང་བོད་ཀྱི་དཔལ་འབྱོར་གྲངས་གནས་གཉིས་ཀྱི་སྒོ་ནས་མགྱོགས་མྱུར་ངང་འཕར་སྟབས་བོད་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་སྟེ་ཀྲུང་གོ་སྲིད་གཞུང་གིས་བོད་ལ‘འཕུར་མཆོང་ལྟ་བུའི་འཕེལ་རྒྱས’ཞེས་བརྗོད་ཀྱི་ཡོད་པ་དང་།འཛམ་གླིང་དང་ཁ་ཕྲལ་དུ་གནས་པའི་རྣམ་པ་སྔ་ས་ནས་མཇུག་འགྲིལ་ཡོད”ཅེས་བཤད་པ་རེད།

    ཁོ་སི་ཐ་རི་ཁའི《སྤྱི་མཐུན་རྒྱལ་ཁབ་ཀྱི་ཚགས་པར》གྱི་སྤྱི་འདོམས་གཞོན་པ་ལུའུ་དབྱི་སི·ཨར་པེ་ཐུའོ·མུའུ་ཉི་ཨའོ་སི་དང་ཨོ་སི་ཁྲུ་རི་ཡ་ཝི་ཨེན་ན་སློབ་ཆེན་ཁུང་ཙིའི་སློབ་གླིང་གི་ཡོན་ཀྲང་ལི་ཤ་ཏེ་སོགས་རིགས་གཅིག་མཁས་ཅན་དང་།མཁས་དབང་།གཞུང་ཕྱོགས་མི་སྣ་བཅས་ཀྱིས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་འགྱུར་ལྡོག་ཧ་ཅང་ཆེན་པོར་ཁས་ལེན་བྱས་ནས་དེ་ནི་ཀྲུང་གོ་སྲིད་གཞུང་གིས་བོད་ལ་བདེ་བ་བསྐྲུན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།ཕེ་རུ་རྒྱལ་ཚོགས་ཀྱི་ཕེ་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་མ་ལི་ཡ·ཁོར་ཏེ་ལུའོ་ཡིས་ཀྲུང་གོས་བོད་ཀྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་མ་བཏང་ནས་འདི་གའི་ཁོར་ཡུག་ལེགས་སུ་གཏོང་བ་མ་ཟད།ཚན་རྩལ་གྱི་ཆུ་ཚད་ཀྱང་མཐོ་རུ་གཏོང་སྲིད།སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་བཏང་བ་བརྒྱུད་བོད་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་ངེས་ཡིན་པ་ཡིད་ཆེས་ཡོད་ཅེས་བཤད།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་དེང་སྐབས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་།སྤྱི་ཚོགས་ཞི་མཐུན།མི་རིགས་མཐུན་སྒྲིལ།མི་དམངས་བདེ་སྐྱིད་བཅས་ཡོད་པས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ཅེས་གསུངས་པ་རེད།ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་།བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་།བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོང་ཧུང་ཞང་བཅས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་དང་།བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་།བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་ཐད་ཚོགས་ཞུགས་རིགས་གཅིག་མཁས་ཅན་ལ་གསལ་བཤད་གནང་བ་རེད།

    “བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང”བརྗོད་བྱར་བྱེད་པའི་ཚོགས་ཆུང་གྲོས་བསྡུར་ནང་ཀེ་རི་སེ་ནས་ཡིན་པའི་སྐུ་ཞབས་ཆའོ་ཀྲི·ཙུའོ་ཧོ་ཕུའུ་ལུའོ་སིས“ངས་ནུབ་ཕྱོགས་རྒྱལ་ཁབ་ཏུ་བོད་ཀྱི་སྐོར་གྱི་དཔྱད་གཞིའི་ཡིག་རིགས་འཚོལ་སྐབས་མང་ཆེ་བ་ནི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་ཡིན་པས་ངའི་ཆེད་རྩོམ་ལ་ཕན་ཐོགས་ཀྱི་མི་འདུགད་རེས་ལྷ་སར་ཡོང་ནས་བོད་མི་དམངས་ཀྱི་འཚོ་བ་ཧ་ཅང་ཡག་པོ་ཡོད་པ་མཐོང་བ་དང་།གང་ས་གང་དུ་དགོན་སྡེ་དང་དགེ་འདུན་པ་མཐོང་རྒྱུ་ཡོད་པས་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཡག་པོ་བྱེད་པ་ར་སྤྲོད་བྱེད་ཐུབ”ཅེས་བཤད།

    སི་རི་ལན་ཁའི་སི་ཀྲུང་སྤྱི་ཚོགས་རིག་གནས་མཉམ་ལས་མཐུན་ཚོགས་ཀྱི་དྲུང་ཆེ་ཁུའུ་ལ་སི་ལིས་སི་རི་ལན་ཁ་བ་ཁག་གཅིག་གིས་བོད་ནི་ཀྲུང་གོའི་མངའ་ཁོངས་ཤིག་ཡིན་པ་ཤེས་ཀྱི་མེད།སི་རི་ལན་ཁའི་སྨྱན་སྦྱོར་གྱིས་ནུབ་ཕྱོགས་གསར་འགྱུར་སྨྱན་སྦྱོར་གྱི་ཆ་འཕྲིན་ལ་བརྟེན་སྟབས་བོད་ཀྱི་ད་ལྟའི་གནས་ཚུལ་ངོ་མ་ངོ་སྤྲོད་བྱེད་ཐུབ་ཀྱི་མེད།“ད་རེས་གླེང་སྟེགས་བརྒྱུད་ང་ཚོར་གོ་སྐབས་ཡག་པོ་ཞིག་བྱུང་ནས་ང་ཚོས་ཡང་དག་པའི་སྒོ་ནས་བོད་འདི་ཤེས་རྟོགས་བྱུང”ཞེས་བཤད་པ་དང་ཁུའུ་ལ་སི་ལིས་ཀྲུང་གོ་སྲིད་གཞུང་གིས་སི་རི་ལན་ཁར་འབྲེལ་ཡོད་བོད་ཀྱི་པར་སྐྲུན་དངོས་པོ་མང་ཙམ་འདོག་པ་དང་འབྲེལ་སི་རི་ལན་ཁ་བ་ཀྲུང་གོར་ལྟ་སྐོར་དུ་ཡོང་བའི་གོ་སྐབས་མང་ཙམ་སྤྲོད་པ་དཔེར་ན།བོད་དུ་བགྲོ་་གླེང་ཚོགས་འདུ་དང་།པར་རིས་འགྲེམས་སྟོན།སྤེལ་རེས་ཚོགས་འདུ་སོགས་མང་ཙམ་འཚོག་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    ཧྥ་རན་སེའི་འཁྲབ་ཁྲིད་པ་ཁ་ལུའེ་ཡིས་གསར་འགོད་པར་ཁོང་གིས་བོད་ཀྱི་སྐོར་གྱི་དངོས་མཚོན་པར་གཞི་ཞིག་རྒྱག་རྩིས་ཡོད།“གང་ལགས་ཤེ་ན།ང་ཚོའི་ཕྱོགས་ལ་བོད་ཀྱི་སྐོར་གྱི་ཆ་འཕྲིན་ནི་ཏཱ་ལའི་བླ་མ་ཁོ་ན་རེད།འོན་ཏེ་སྨྱན་སྦྱོར་ནང་བོད་ཀྱི་གནས་ཚུལ་ནི‘རིག་གནས་མེད་པར་བཟོ་བ་’དང་‘གཉའ་གནོན’ཤ་སྟག་ཡིན་པས་དོན་དངོས་དང་མི་མཚུངས་པ་ཞིག་རེད།ངས་བོད་ཇི་མ་ཇི་བཞིན་པར་བརྒྱབ་ནས་ཧྥ་རན་སེའི་མང་ཚོགས་ལ་བོད་འདི་ཡང་སྙིང་ཅི་ཞིག་ཡོད་པ་བསྟན་རྒྱུ་ཡིན”ཞེས་བཤད།

    ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚུའེ་ཡུས་དབྱིང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས།“མི་ཁ་ཤས་ཀྱིས་ད་ལྟའང་བོད་ནི་རྟེན་རྫས་བཤམས་མཛོད་ཁང་ནང་གི་འགྲེམས་དངོས་ལྟ་བུ་ཞིག་དང་འདྲ་བར་སྔར་གནས་སོར་བཞག་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།ཁོང་ཚོས་བོད་མིས་རྩམ་པ་ཟ་བ་དང་།འབྲི་གཡག་བཞོན་པ།སྦྲ་ནང་སྡོད་པ་བཅས་ཁོ་ན་བྱས་པ་ལས་དེང་རབས་ཤེས་དཔལ་འཕེལ་རྒྱས་གཏོང་མི་རུང་།དེ་ལྟར་མ་བྱས་ན‘རིག་གནས་མེད་པ་བཟོ་བ’དང‘ཁོར་ཡུག་ལ་གཏོར་བཤིག་གཏོང་བ’ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།འོན་ཏེ་དོན་དངོས་ཐོག་ད་ལྟའི་བོད་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་གི་འགན་ལེན་གང་ལེགས་ཡོད་པ་དང་སྦྲགས་དེ་བས་མཐོ་བའི་ཆུ་ཚད་ཅིག་ཏུ་སྐྱོད་བཞིན་ཡོད།དུས་རབས་ཕྱེད་ཀ་ལྷག་ཙམ་ནང་བོད་དེ་ཤེས་དཔལ་ཡར་ཐོན་གྱི་ལམ་བུ་ཞིག་ཏུ་བསྐྱོད་པས་བོད་ཀྱི་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་མ་ཟད་རྒྱལ་སྤྱིའི་ཐོག་དཔྱོད་ལྡན་པའི་བསྔགས་བརྗོད་ཀྱང་ཐོབ་ཡོད”ཅེས་གསུངས་པ་རེད།

    ཨོ་སི་ཁྲུ་རི་ཡ་ནས་ཡོང་བའི་རྒྱའི་རིག་པ་མཁས་ཅན་ལི་ཤ་ཏེས་ཁོང་བོད་ལ་ཡོང་ཐེངས་གཉིས་པ་ཡིན་པ་དང་།“1974ནས་1975ལོའི་བར་ངས་ཀྲུང་གོར་སློབ་སྦྱོང་བྱེད་མྱོང་ཡོད།ངས་ཀྲུང་གོའི་སྔོན་ཆད་ལོ་40ཡི་ལོ་རྒྱུས་འཕེལ་རྒྱས་ཀྱི་དཔང་པོ་དང་ཀྲུང་གོ་མི་དམངས་ལ་རེ་བས་ཁེངས་པའམ་ཡང་ན་རེ་ཐག་ཆད་པའི་སྐབས་ཀྱང་དཔང་པོ་བྱེད་ཐུབ།བོད་ཀྱི་འགྱུར་ལྡོག་ནི་མིག་མཐོང་ལག་ཟིན་དང་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཀྱིས་ཁེངས་ཡོད་པ་ལས་ནུབ་ཕྱོགས་མི་ཁ་ཤས་ཀྱིས་བྲིས་པ་ལྟར་གཏན་ནས་མ་རེད་ཅེས་གསུངས་པ་རེད།

    ད་ཐེངས་ཀྱི་གླེང་སྟེགས་ཐོག་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་བོད་ཀྱི་གོ་སྐབས་དང་གདམ་ག་ཞེས་པར་དམིགས་ནས་གྲོས་བསྡུར་བྱས་པ་དང་ལྟ་སྟངས་བརྗོད་པས་ཤེས་རྟོགས་ཟབ་ཏུ་སོང་བ་དང་།མཐོང་རྒྱ་ཆེ་རུ་སོང་བ།མཛའ་གྲོགས་ཟབ་ཏུ་ཕྱིན་པ།ཐུན་མོང་གི་ངོས་འཛིན་བྱུང་བ་བཅས་ཀྱི་དམིགས་ཡུལ་གྲུབ་ནས་ཚང་མས་བོད་ལ་འཛིན་པའི་ངོས་འཛིན་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད།ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་བོད་ཀྱི་མ་འོངས་འཕེལ་རྒྱས་ལ་ཐབས་དང་ཇུས་བཏོན་ཡོད་པ་དེ་དག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།སྲོལ་རྒྱུན་རིག་གནས་སྲུང་སྐྱོང་།བོད་ལུགས་གསོ་རིགསྣོད་བཅུད་འཛུགས་སྐྱོང་།ཡུལ་སྐོར་ལས་རིགས་འཕེལ་རྒྱས།ཕྱི་ཕྱོགས་སྤེལ་རེས་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་དང་སྦྲགས་བོད་ཀྱི་མ་འོངས་འཕེལ་རྒྱས་ཀྱི་གནད་དོན་ཐད《ལྷ་སའི་ཐུན་མོང་ངོས་འཛིན》བཞག་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག