མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཞེས་པ་ལྷ་ས་ནས་སྤེལ་འགོ་ཚུགས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-08-13 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན་ཤིན་ཧྭ་དྲ་བས་སྤེལ་བའི་འཕྲིན་ལྟར་ན། དེ་རིང་སྔ་དྲོར་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་ལྷ་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཉེར་པའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཞེས་པ་སྤེལ་འགོ་ཚུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཆེད་དུ་ཤིས་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཡུས་ཀྲེང་ཧྲེང་གིས་ཤིས་འཕྲིན་དུ། བོད་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་དེང་རབས་དཔལ་ཡོན་གྱི་ལམ་དུ་དངོས་སུ་ཞུགས་འགོ་ཚུགས་ཤིང་། དེ་ནས་ཞི་བས་བཅིངས་འགྲོལ་དང་། དམངས་གཙོ་བཅོས་བསྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། བཅོས་བསྒྱུར་སྒོ་འབྱེད་ལ་སོགས་པའི་འཕེལ་རྒྱས་ཀྱི་དུས་རིམ་གལ་ཆེན་བརྒྱུད་དེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་ལུགས་དང་མཐུན་ཞིང་། ཀྲུང་གོ་རྒྱལ་ཁབ་ཀྱི་གནས་སྟངས་དང་བསྟུན་པའི་འཕེལ་རྒྱས་ལམ་ཕྱོགས་སུ་བསྐྱོད་དེ། སྲོལ་རྒྱུན་དང་དེང་རབས་ཟུང་སྦྲེལ་གྱི་བོད་ལྗོངས་གསར་བ་ཞིག་ཀུན་གྱི་སྤྱན་ལམ་དུ་མངོན་པར་དྲངས། བོད་ལྗོངས་ཀྱི་འཕེལ་རྒྱས་ནི་ཡང་དག་པའི་ལམ་དང་ཀྲུང་དབྱང་སྲིད་གཞུང་གིས་གཟིགས་སྐྱོང་དང་། རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ། ཕྱི་ཕྱོགས་སྒོ་འབྱེད་ཀྱིས་མཉམ་ལས་བཅས་ལ་བརྟེན་ནས་བྱུང་བ་ཡིན། ད་ཆ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རྒྱལ་ཡོངས་མི་དམངས་དང་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་ཕྱིར་དུ་འབད་འབུངས་བྱེད་བཞིན་ཡོད་པས། བོད་ལྗོངས་ཀྱི་མ་འོང་བ་སྔར་བས་དྲོད་སྐྱིད་ཀྱིས་ཁེངས་ངེས་ཞེས་དང་། ཡང་ཁོང་གིས་ཤིས་འཕྲིན་དུ། ལོ་དུ་མའི་རིང་ལ་བོད་ཀྱིས་མི་དང་རང་བྱུང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་གཏོད། དུས་བབ་གསར་བའི་འོག བོད་ལྗོངས་ཀྱི་འཕེལ་རྒྱས་དེ་ཐོན་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཅིང་། བོད་ལྗོངས་ལ་དམིགས་བསལ་གྱི་ས་གཤིས་དང་ཐུན་མིན་གྱི་སྣོད་བཅུད་ཁོར་ཡུག འགྲན་ཟླ་བྲལ་བའི་རིག་གནས་སྲོལ་རྒྱུན་བཅས་ལྡན་ཡོད་པས་བོད་ལྗོངས་དེ་ཉིད་ངེས་པར་དུ་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་ཚོགས་ཞུགས་མཁས་དབང་རྣམ་པས་ཐབས་ཇུས་གང་ལེགས་བཏོན་ནས་བོད་ལྗོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པའི་ལམ་བུ་གསར་བ་དང་། བྱ་ཐབས་གསར་བ་འཚོལ་ཞིབ་གཏིང་ཟབ་བྱེད་དགོས་ཤིང་།བོད་ལྗོངས་ཀྱི་འཕེལ་རྒྱས་ཆེད་དུ་བློ་རིག་མང་པོ་བསྩལ་རྒྱུའི་རེ་བ་ཡོད།

དེ་རིང་གི་གླེང་སྟེགས་འགོ་ཚུགས་མཛད་སྒོའི་ཐོག ཡུས་ཀྲེང་ཧྲེང་གིས་གླེང་སྟེགས་ལ་བཏང་པའི་ཤིས་འཕྲིན་ཐོག་མར་སྒྲོག་སྦྱང་བྱས། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚུའེ་ཡུས་དབྱིན་རྣམ་གཉིས་ཀྱིས་ཤིས་ཚིག་སྒྲོན། བློ་བཟང་རྒྱལ་མཚན་གྱིས། མིག་སྔའི་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད་བཅས་ནི་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་བཟང་ཤོས་སུ་འཁེལ་ཡོད་ཅེས་གསུངས།

ཚུའེ་ཡུས་དབྱིན་གྱིས་ལོ་རྒྱུས་དང་རྒྱལ་ཁབ། མི་རིགས་དང་འཛམ་གླིང་བཅས་ཕྱོགས་བཞིའི་ཐོག་ནས་བོད་ལྗོངས་དེ་ཉིད་ལྡོག་ཐབས་མེད་པའི་དེང་རབས་དཔལ་ཡོན་གྱི་ལམ་བུའི་ཐོག་ཏུ་བསྐྱོད་པ་ངོ་སྤྲོད་གནང་ཡོད། རྒྱལ་ཁབ་ཕྱིའི་སྐུ་ཚབ་རྒྱ་གར་གྱི་ཆོས་པ་ཚགས་པར་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལཱ་མོ་དང་། དབྱིན་ཇིའི་གྲོས་ཁང་གོང་མའི་གྲོས་མི་ཏའེ་ཝེ་སེན་རྣམ་གཉིས་ཀྱིས་སྔ་རྗེས་སུ་ཤེས་ཚིག་སྒྲོན་ཞིང་། ཁོང་རྣམ་གཉིས་ཀྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བོད་ལྗོངས་སུ་གྲུབ་འབྲས་སྔར་བས་བཟང་བ་ཐོབ་པའི་རྟེན་འབྲེལ་ཞུས། ཐེངས་འདིའི་གླེང་སྟེགས་སུ་རྒྱལ་ཁབ་དང་ས་ཁུལ་༣༠ལྷག་གི་འཐུས་མི་བརྒྱ་ལྷག་ཕེབས་ཡོད་པ་དང་། དེའི་ནང་དུ་མངའ་ཁོངས་ཕྱིའི་འཐུས་མི་༤༠ལྷག་ཡོད་པ་རེད། དེ་ནི་བོད་ལྗོངས་སུ་བོད་ལྗོངས་འཕེལ་རྒྱས་བརྗོད་གཞིར་བཟུང་ནས་སྤེལ་བའི་རྒྱལ་སྤྱིའི་རང་བཞིན་གྱི་གྲོས་ཚོགས་ཐོག་མ་རེད།

ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་གཞི་ནི་བོད་ལྗོངས་འཕེལ་རྒྱས་ཀྱི་གོ་སྐབས་དང་བདམས་ཀ་ཞེས་པ་ཡིན་ཞིང་། དེར་བོད་ལྗོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལམ་བུ་དང་། བོད་ཀྱི་རིག་གནས་ཀྱི་རྒྱུད་འཛིན་དང་སྲུང་སྐྱོབ། བོད་ལྗོངས་ཀྱི་སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོབ་བཅས་གྲོས་གཞི་ཁག་གསུམ་བགོས་ཡོད་པ་རེད། གླེང་སྟེགས་དེ་ཉིན་གཅིག་དང་ཕྱེད་ཀ་ཙམ་ལ་སྤེལ་རྒྱུ་ཡིན་ཞིང་། མཇུག་སྒྲིལ་རྗེས། རྒྱལ་ཁབ་ཕྱི་ནང་གི་ཚོགས་ཞུགས་འཐུས་མི་རྣམས་ལྷ་ས་དང་། ཉིང་ཁྲི་གཉིས་སུ་ཕེབས་ནས་གཟིགས་ཞིབ་གནང་རྒྱུ་དང་། ཡུལ་དངོས་སུ་ཕེབས་ནས་བོད་ལྗོངས་ཀྱི་འཕེལ་འགྱུར་ལ་ཉམས་ཞིབ་དང་། བོད་ལྗོངས་དངོས་དོན་ལ་ཤེས་རྟོག་གནང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག