མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་སྐད་དང་ཡི་གེ་དེང་རབས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་མགྱོགས་ལམ་དུ་ཞུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-25 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་རེ་བཞིན་ནམ་རིབ་ལ་ཉེ་དུས། ལོ་གྲངས་ང་བཞི་སོན་པའི་བྱང་ཐང་གི་འབྲོག་མི་ཚེ་བརྟན་བཀྲ་ཤིས་ཀྱི་ལུག་ཁྱི་ལུག་རར་བསྡུས་རྗེས། ཕྱིར་ཁྱིམ་དུ་ལོག་ནས་ལག་འཁྱེར་ཁ་པར་སྒོ་འབྱེད་དེ། སྒྲ་ལྡན་བོད་ལུགས་ལོ་ཐོ་ཞེས་པའི་མཉེན་ཆས་བརྒྱུད་ནས། འབྲོག་ལས་ཤེས་བྱ་དང་གནམ་གཤིས་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་རེད།

ཚེ་བརྟན་བཀྲ་ཤིས་ཀྱི་བྱ་ཐབས་དེ་ནི། བོད་ཀྱི་སྐད་ཡིག་དང་དེང་རབས་ཆ་འཕྲིན་མཉམ་འབྲེལ་ལེགས་པོ་བྱས་ཡོད་པ་ཡིན། བོད་ཀྱི་སྐད་དང་ཡི་གེ་དེང་རབས་ཀྱི་འཕེལ་རྒྱས་མགྱོགས་ལམ་དུ་ཞུགས་པ་དང་བསྟུན་ནས། བོད་ཡིག་ལག་འཁྱེར་ཁ་པར་གྱི་མཉེན་ཆས་དང་བོད་རྒྱ་དབྱིན་སྐད་ཤན་སྦྱར། བོད་ཡིག་གཞུང་སྒྲུབ་མ་ལག་སོགས་རིམ་བཞིན་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཞུགས་ཡོད་པ་རེད།

ལོ་ངོ1300 ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྐད་ཡིག་ནི་མདོ་དབུས་མཐོ་སྒང་ས་ཁུལ་ནས་ད་བར་རྒྱུན་འཛིན་དར་སྤེལ་བྱུང་བ་རེད། ལོ་རྒྱུས་ཡིག་ཆར་བཀོད་པ་ལྟར་ན། སྤྱི་ལོའི་དུས་རབས་བདུན་པར། ཐོན་མི་བསམ་བྷོ་ཊ་བཙན་པོ་སྲུང་བཙན་སྒམ་པོས་མངག་བཅོལ་བྱས་པ་ལྟར་དུ། རྒྱ་གར་ཡུལ་དུ་ཕྱིན་ནས་ལེགས་སྦྱར་གྱི་སྐད་སོགས་སྦྱངས་ཏེ། མཇུག་མཐར་ཕྱིར་བོད་ཡུལ་དུ་ལོག་ཏེ་བོད་ཡིག་གསར་གཏོད་མཛད་པ་རེད།

ད་ལྟ། བོད་ལྗོངས་ཀྱི་ས་གནས་སོ་སོའི་དཔེ་ཁང་དང་ཚོང་ཁང་དུ། བོད་ཡིག་གི་བརྙན་རིས་བརྩམས་ཆོས་དང་ཚན་རྩལ་ཐོན་རྫས་ཡོད། སློབ་གྲྭ་རུ། IPAD བརྒྱུད་ནས་བོད་སྐད་ཀྱི་འགུལ་རིས་གློག་བརྙན་ལ་གཟིགས་མཁན་གྱི་སློབ་མ་ཆུང་ཆུང་ཇེ་མང་ནས་ཇེ་མང་རེད། ལོ་སར་རོལ་ལ་ཉེ་དུས། བོད་སྐད་ཀྱི་ཤེས་ཚིག་འཕྲིན་ཐུང་དང་སྐད་འཕྲིན་བརྒྱུད་བསྐུར་བྱེད་མཁན་གྱི་མིའང་མང་པོ་ཡོད།

དེ་ལྟར་ཡིན་པ་མ་ཟད། བོད་སྐད་གྲངས་ཀ་ཅན་གྱི་ཆ་འཕྲིན་ཡང་གངས་རིའི་མཐོ་སྒང་གི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་སོ་སོར་ཁྱབ་ཡོད་ལ། གྲྭ་བཙུན་དག་གིས་རྒྱལ་ཕྱི་ནང་གི་གནས་ཚུལ་རྒྱུས་ལོན་བྱེད་པ་དང་། ཐ་ན་ཆོས་གཞུང་སློབ་སྦྱོང་བྱེད་པའི་ཡོ་ཆས་སུའང་གྱུར་ཡོད།

པན་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་བཀྲ་ཤིས་ལྷུན་པོ་དགོན་དུ། ན་གཞོན་བཙུན་པ་རིན་ཆེན་དུས་རྒྱུན་དུ་རིག་ལྡན་ཁ་པར་གཅིག་དང་ཁ་འབྲལ་ཐབས་མེད། ཁོང་གིས་བློ་རྩེ་གཅིག་སྒྲིམ་གྱིས་བོད་ཡིག་གི་ཆོས་གཞུང་སློབ་སྦྱོང་བྱེད་ཐེངས་རེ་རེར། ཆ་རྒྱུས་མེད་པའི་ཐ་སྙད་གསར་བ་དང་འཕྲད་དུས། དཔེ་སྒྲོམ་སྟེང་གི་རྙིང་རུལ་གྱི་བོད་ཡིག་ཚིག་མཛོད་ལེན་པ་ནས་གཞན། ད་དུང་རྒྱུན་དུ་ཁ་པར་བླངས་ནས། བོད་ཡིག་ཚིག་མཛོད་མཉེན་ཆས་མནན་ཏེ་འཚོལ་བཤེར་བྱེད་པ་རེད།

སྔོན་ཆད་ཐ་སྙད་གསར་བ་དང་འཕྲད་དུས་ཚིག་མཛོད་སྟེང་བཙལ་བ་ཡིན། ད་ལྟ་ཁོང་གིས་ཐད་ཀར་དུ་ཁ་པར་སྟེང་ནས་འཚོལ་བཤེར་བྱས་ཆོག་པས། སྟབས་བདེ་ཆེན་པོ་ཡོད། ཅེས་རིན་ཆེན་གྱིས་དེ་ལྟར་བཤད།

ཉེ་བའི་ལོ་འགའི་རིང་དུ། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཡིག་དང་དེང་རབས་ཚན་རྩལ་མཉམ་འབྲེལ་བྱེད་ཅི་ཐུབ་བྱས་ཏེ། བོད་ཡིག་ཡིག་གཟུགས་དང་སྒྲིག་བཟོ་མ་ལག གཞུང་སྒྲུབ་མཉེན་ཆས། དྲ་ངོས་ཀློག་བཤེར་ཆས་སོགས་རྨང་གཞི་རང་བཞིན་གྱི་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་བྱས། འབྲེལ་དྲ་དང་ལག་འཁྱེར་ཁ་པར་སོགས་བོད་ཡིག་སྟེགས་བུ་བརྒྱུད་ནས། དཔེ་ཀློག་དང་གསན་ཉན། རྒྱལ་ཕྱི་ནང་གི་གསར་འགྱུར་དང་ཆ་འཕྲིན་ལ་གཟིགས་པས། བོད་སྐད་ནི་སྤྱོད་མཁན་མང་པོས་རྣམ་རྒྱུན་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

གསར་འགོད་པས་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཚོད་ལྟ་ཁང་ནས་མཐོང་བ་ལྟར་ན། རྒྱ་བོད་ཡིག་བསྒྱུར་ཚིག་མཛོད་ལས་གཞན། ཚོད་ལྟ་ཁང་དུ་བོད་ཡིག་ཀློག་འདོན་ཆས་དང་བོད་ཡིག་གཞུང་སྒྲུབ་མཉེན་ཆས་སོགས་བོད་ཡིག་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་ཐོན་རྫས་ཡོད་པ་རེད།

ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་ཀྲའོ་ཏུང་ཚེ་ཡིས་ངོ་སྤྲོད་བྱ་རྒྱུར། ལོ་འདི་དག་རིང་དུ། ཞིབ་འཇུག་པ་ཚོས་ད་དུང་བོད་ཀྱི་སྙན་ངག་དང་སྒྲུབ་གཏམ། གཏམ་རྒྱུད་སོགས་ཀྱི་ཁ་པར་གློག་རྡུལ་དཔེ་དེབ་བཟོས་ཏེ། རྒྱ་ཆེའི་བོད་རིགས་མང་ཚོགས་ལ་ཕབ་ལེན་དང་གསན་ཉན། ལྟ་ཀློག་སོགས་བྱེད་པར་མཁོ་འདོན་བྱ་རྒྱུ་རེད།

ཞིབ་འཇུག་ལྟེ་གནས་ཀྱིས་མིག་སྔར་ཆེས་གྲུབ་འབྲས་གལ་ཆེན་ནི་བོད་ཡིག་ཆ་འཕྲིན་ལེགས་སྒྲིག་བརྗེ་བསྒྱུར་ཚད་གཞིའི་མ་ལག་བཙུགས་ཡོད་ལ། ཚད་གཞི་དེ་དག་གིས་བོད་ཡིག་ལེགས་སྒྲིག་དང་བོད་ཡིག་ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་ཐད་ནས་ཐོད་བརྒལ་བྱུང་ཡོད་ཅེས་ཁོང་གིས་དེ་ལྟར་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བོད་ཡིག་གི་རྩིས་འཕྲུལ་སྒྲིག་ཨང་ནི་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞི་ལ་ཆོག་མཆན་ཐོབ་ཡོད། རྒྱལ་ནང་དུ་རང་འགུལ་གྱིས་གསར་སྤེལ་བྱས་པའི་བོད་ཡིག་རྩོམ་སྒྲིག་མ་ལག་དང་གློག་རྡུལ་དཔེ་བསྐྲུན་མ་ལག་བཀོལ་སྤྱོད་རྒྱ་ཁྱབ་བྱུང་ཡོད་པ་རེད།

མི་འགྱིང་བའི་ཡར་སྔོན་དུ། རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་བོད་ཡིག་ཐོན་ཁུངས་འཛུགས་སྐྲུན་ལྟེ་གནས་ལྷ་ས་ནས་དངོས་སུ་སྒོ་བྱང་འབྱེད། དེ་ཡིས་སྔར་ལས་ལྷག་པར་ཕུལ་བྱུང་རིག་གནས་ཐོན་ཁུངས་བོད་སྐད་དུ་ཡིག་བསྒྱུར་དང་བསྡུ་སྒྲིག་ལས་དོན་བཅས་ཀྱི་ཐད་ལ་སྐུལ་འདེད་ཆེན་པོ་ཐོན་ཡོད་པས། རྒྱུན་ཆད་མེད་པར་བོད་རིགས་མང་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་བོད་ཡིག་གྲངས་ཀའི་རིག་གནས་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག