ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 1951ལོར་བོད་ལྗོངས་སུ་ཆབ་མདོ་ས་ཁུལ་ཚོད་ལྟ་སློབ་ཆུང་ཐོག་མར་བཙུགས་ཏེ་བོད་ལྗོངས་ས་གནས་ཀྱི་དེང་རབས་སློབ་གྲྭ་ཐོག་མར་གྱུར་བ་དང་། བོད་ལྗོངས་སུ་དེང་རབས་སློབ་གསོ་གོམ་པ་དང་པོ་སྤོས་པའི་རྟགས་མཚན་ཡིན། འདས་པའི་ལོ་ངོ63ཡི་ནང་དུ་བོད་ལྗོངས་གྱིས་སྐད་གཉིས་ཐོགས་མེད་སྤྱོད་ཐུབ་པའི་འཇོན་མི་སྣ་མང་སྐྱེད་སྲིང་བྱས་ནས་བོད་ཀྱི་འཇོན་མིའི་དགའ་ཚལ་ཞིག་ཏུ་གྱུར་ཡོད།
ཆབ་མདོ་ས་ཁུལ་ཚོད་ལྟ་སློབ་ཆུང་ནི་ཆབ་མདོ་གྲོང་རྡལ་གྱི་ལྟེ་བའི་ཁུལ་དུ་ཆགས་ཡོད་ཅིང་། སློབ་གྲྭའི་སྒོ་ནང་དུ་ཕྱིན་མ་ཐག ཐང་ཡངས་པའི་ལུས་རྩལ་ར་བའི་འགྲམ་དུ་གསར་དུ་བཞེངས་པའི་བོད་ལུགས་སློབ་འཁྲིད་ཐོག་ཁང་གཉིས་འདུག སློབ་གྲྭ་དེར་འཛིན་གྲྭ33དང་སློབ་མ1800ལྷག་ཡོད་པ་རེད། སློབ་གྲྭའི་སློབ་གཙོ་ཀྲང་ཅིའུ་ལིན་གྱིས་གསར་འགོད་པ་འཁྲིད་དེ་སློབ་གྲྭའི་རི་མོའི་སློབ་ཁང་། ཁང་དང་། རོལ་དབྱངས་སློབ་ཁང་།ཞབས་བྲོ་སློབ་ཁང་། སྣ་མང་སྨྱན་སྦྱོར་སློབ་ཁང་། ཚོད་ལྟ་ཁང་བཅས་ལ་གཟིགས་པ་ཡིན། སྒྲིག་ཆས་ཆ་ཚང་ཡིན་ཚད་ནང་ལོགས་ཀྱི་གྲོང་ཁྱེར་ཆེ་ཤོས་དང་ཁྱད་པར་ཆེན་པོ་མེད། སློབ་ཁང་ཕྱི་རོལ་གྱི་འགྲོ་ཁྱམས་གཡས་གཡོན་གྱི་ལྡེབས་ངོས་སུ་བོད་ཡིག་དང་རྒྱ་ཡིག་གི་ཡིག་གཟུགས་འགྲན་བསྡུར་སྐོར་ཀྱི་བརྩམས་ཆོས་དང་། ཉམས་དགའ་བའི་བྱིས་པའི་རྩོམ་ཡིག་དག་སྦྱར་འདུག
ཚོད་ལྟ་སློབ་ཆུང་གི་སློབ་མའི་ནང་བོད་རིགས་སློབ་མས་བརྒྱ་ཆའི99ཟིན་པ་དང་། དགེ་བཟོ་བ130ཡོད་པའི་ནང་བོད་རིགས་དགེ་རྒན90ཡོད། རྒྱ་ཡིག་སློབ་འཁྲིད་བྱེད་བཞིན་པའི་ལོ་རིམ་ལྔ་བའི་འཛིན་གྲྭ་གསུམ་པའི་སློབ་མ་རྣམས་ཀྱིས་རྒྱའི་སྤྱི་སྐད་ཐོགས་མེད་ཅིག་འཆད་ཐུབ་པ་དེས་གསར་འགོད་པར་ཧ་ལས་སུ་བཅུག སློབ་གཙོ་ཀྲང་ཅུའི་ལིན་གྱིས། སློབ་གྲྭའི་སློབ་འཁྲིད་ནང་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ལ་འདྲ་མཉམ་ཐོག་མཐོང་ཆེན་བྱས་ཡོད་ཟེར།
སློབ་གསེང་གི་ལུས་སྦྱོང་སྐབས་སུ་ནང་ལོགས་སློབ་གྲྭའི་རླུང་འཕྲིན་ལུས་སྦྱོང་དང་མི་འདྲ་བར། བོད་ཀྱི་པི་ཝང་རྒྱུད་གསུམ་མའི་རོལ་དབྱངས་དང་སྡེབ་ནས་ཐུན་མོང་གི་ཞབས་བྲོ་འཁྲབ་བྱུང་། སློབ་གཙོ་ཀྲང་གིས། ཆབ་མདོ་ས་ཁུལ་ནི་རྒྱལ་ཁབ་ཀྱི་མངོན་མིན་ཤུལ་བཞག་རིག་གནས་པི་ཝང་རྒྱུད་གསུམ་མའི་རོལ་དབྱངས་གི་ཕ་ས་ཡིན་སྟབས། དེ་རྒྱུད་འཛིན་དང་དར་སྤེལ་ལེགས་པོ་བྱ་ཆེད། སློབ་གྲྭས་ལོ་རིམ་དང་པོ་ནས་བཟུང་པི་ཝང་རྒྱུད་གསུམ་མའི་ཞབས་བྲོ་འཁྲིད་པའི་སྲོལ་ཕྱེས་པ་ཡིན་ཟེར།
ངས་བསམ་ན་མི་རིགས་ས་ཁུལ་དུ་སློབ་གསོ་གཉེར་དགོས་ན་ངེས་པར་དུ་མི་རིགས་ཀྱི་ཁྱད་ཆོས་དགོས། མི་རིགས་ཀྱི་ཁྱད་ཆོས་དེ་ཅི་ལྟར་མངོན་དགོས་ཟེར་ན། མི་རིགས་རིག་གནས་སྔོག་འདོན་ལ་བརྟེན་དགོས། ང་ཚོས་པི་ཝང་རྒྱུད་གསུམ་མའི་ཞབས་བྲོ་དེ་སློབ་གྲྭའི་རིག་རྩལ་གྱི་ཁྱད་ཆོས་སུ་བསྐྲུན་ཡོད། དཔེར་ན་སློབ་གསེང་གི་ལུས་སྦྱོང་ལྟ་བུ། བྱིས་པ་རྣམས་དང་པོ་སློབ་གྲྭར་ཞུགས་མ་ཐག ང་ཚོས་ཁོང་ཚོར་པི་ཝང་རྒྱུད་གསུམ་མའི་ཞབས་བྲོ་སྦྱོང་བརྡར་བྱེད་དུ་བཅུག་པ་ཡིན་ཟེར།
ཁྱད་ཆོས་དེ་སློབ་གསེང་གི་ལུས་སྦྱོང་ལས་གཞན། སློབ་འཁྲིད་ཐོག་ཁག་གི་ནང་དུའང་བོད་ཀྱི་ལོ་རྒྱུས་དང་། ཆབ་མདོའི་པི་ཝང་རྒྱུད་གསུམ་པའི་ཞབས་བྲོ། སྐོར་བྲོ། རལ་བའི་བྲོ་སོགས་རིག་གནས་ཤུལ་བཞག་གི་རིས་བྱང་བཀྲམས་པ་གང་སར་མཐོང་ཐུབ། ཐུན་མིན་ཁྱད་ཆོས་ཀྱི་སློབ་རའི་རིག་གནས་ཕུད། སློབ་གྲྭ་དེའི་ལོ་རྒྱུས་ནི་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་གཟི་བརྗིད་ཅིག་ཏུ་བརྩིས་འདུག སློབ་གྲྭ་དེ་ཐོག་མར་བཙུགས་མ་ཐག འཛིན་གྲྭ་གསུམ་དང་སློབ་མ60ལྷག་ལས་མེད་ལ། སློབ་གྲྭའི་སློབ་མའི་སྡོད་ཁང་ནི་སྨི་གྲུ་བཞི་མ་བརྒྱ་ཙམ་གྱི་ཆབ་མདོའི་ཁྲེང་ཝུང་ལྷ་ཁང་ཡིན། ལོ་ངོ60ལྷག་གི་རྗེས་སུ། སློབ་གྲྭ་དེ་སྒྲིག་ཆས་སྔོན་ཐོན་ཡིན་པའི་དེང་རབས་སློབ་གྲྭ་གྱུར་ཞིང་། སྐྱེད་སྲིང་བྱས་པའི་སློབ་ཐོན་སློབ་མ་ཁྲི་ཡན་གྱིས་ད་ཆ་ལས་རིགས་སོ་སོའི་མངའ་ཁོངས་སུ་ལས་ཀ་སྒྲུབ་བཞིན་ཡོད། དེའི་ནང་དུ་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། དབྱངས་རྩོམ་པ་པོ་གྲགས་ཅན་བཅས་འདུས་པ་མ་ཟད། བོད་རིགས་མཁའ་བསྐྱོད་པ་དང་། ངལ་རྩོལ་དཔེ་སྟོན་པ་རབས་དང་པོ་བྱུང་ལ། དེ་ལས་ཀྱང་བོད་ལྗོངས་གསར་བའི་འཛུགས་སྐྲུན་ལ་ལེགས་སྐྱེས་བླ་མེད་བཞག་པའི་ལས་མི་སྤྱིར་བཏང་བ་ཧ་ཅང་མང་། །