མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་གོའི་ཆེས་ན་ཆུང་བའི་ཁུལ་རིམ་པའི་གྲོང་ཁྱེར་ཀྱིས་བོད་ལྗོངས་ལ་འཕེལ་རྒྱས་གོ་སྐབས་གསར་བ་བསྐྲུན།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-23 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་གཞིས་ཀ་རྩེ་ས་ཁུལ་བསྒྱུར་བཅོས་བྱ་རྒྱུར་ཆོག་མཆན་བཀོད་དེ། ཁུལ་རིམ་པའི་གཞིས་ཀ་རྩེ་གྲོང་ཁྱེར་བཙུགས་པ་རེད། དེ་ནི་བོད་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་ལྷ་ས་ཕུད་པ་ལས་གཞན་ཁུལ་རིམ་པའི་གྲོང་ཁྱེར་གཉིས་པ་དང་། ཀྲུང་གོའི་ཆེས་ན་ཆུང་བའི་ཁུལ་རིམ་པའི་གྲོང་ཁྱེར་ཀྱང་ཡིན། གཞིས་ཀ་རྩེ་ས་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་བཤད་རྒྱུར། གསར་ཏུ་བཙུགས་པའི་ཁུལ་རིམ་པའི་གཞིས་ཀ་རྩེ་གྲོང་ཁྱེར་ཟླ་བ་བརྒྱད་པའི་ཟླ་མཇུག་གམ་ཟླ་བ་དགུ་བར་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་རྒྱུ་རེད། ས་ཁུལ་རིམ་པ་བསྒྱུར་ནས་གྲོང་ཁྱེར་བཙུགས་པ་ཡིས་གཞིས་ཀ་རྩེ་ས་ཁུལ་ལ་ལོ་རྒྱུས་གསར་བའི་འཕེལ་རྒྱས་གོ་སྐབས་བསྐྲུན་ཡོད་ཅེས་བཤད།

ས་ཁུལ་རིམ་པ་བསྒྱུར་ནས་གྲོང་ཁྱེར་བཙུགས་པ་ཡིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ལ་ཐིག་ཁུར་དང་མཐོང་ཆེན་གནང་བཞིན་ཡོད་པ་མཚོན་ལ། གཞིས་ཀ་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་ལྷིང་། མཐའ་མཚམས་འཆམ་མཐུན་ཞི་འཇགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་་འདེགས་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ཐོན་པ་རེད། ཅེས་གཞིས་ཀ་རྩེ་ས་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་གཞོན་པའམ། སྲིད་འཛིན་ཀུང་ཧྲུའུ་ཀྲང་ཧུང་པོ་ཡིས་ཉེ་སྔོན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།

ཀྲང་ཧུང་པོ་ཡིས། ས་ཁུལ་རིམ་པ་བསྒྱུར་ནས་གྲོང་ཁྱེར་འཛུགས་པར་བརྒྱུད་རིམ་ངེས་ཅན་དགོས་པས། རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་གིས་ད་དུང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱེད་པ་དང་། བཀོད་སྒྲིག་ལ་གཞིགས་ནས་ད་གཟོད་ལས་དོན་སྒྲུབ་ཐུབ་པ་རེད་ཅེས་བཤད།

བོད་ལྗོངས་ཀྱི་ལྷོ་ནུབ་ཕྱོགས་སུ་ཆགས་པའི་གཞིས་ཀ་རྩེ་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི 18.2དང་། མི་གྲངས་ཁྲི 76 ཡོད་པས། བོད་ལྗོངས་སྤྱིའི་མི་གྲངས་ཀྱི་བཞི་ཆའི་གཅིག་ཟིན་ཡོད། དེ་ནི་བོད་ལྗོངས་ཀྱི་ཞིང་ལས་དང་འབྲོག་ལས་ཀྱི་ཐོན་སྐྱེད་ཁུལ་གཙོ་བོ་ཡིན། གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་ལ། རྒྱ་གར་དང་བལ་བོ། འབྲུག་ཡུལ་བཅས་དང་འབྲེལ་བའི་མཐའ་མཚམས་ལ་སྤྱི་ལེ 1700 ཡས་མས་ཡོད། མཐའ་མཚམས་ཀྱི་ཚོང་ལས་དགེ་མཚན་མངོན་གསལ་ལྡན་པ་རེད།

ས་ཁུལ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་གཉིས་རིམ་པ་མཐོ་དམའ་གཅིག་འདྲ་ཡིན་ཡང་། རྩ་བའི་ནང་དོན་གྱི་ཆ་ནས་བཤད་ན། ས་ཁུལ་ནི་སྒེར་ཚིགས་ཀྱི་རིམ་པ་དང་པོའི་སྲིད་གཞུང་མིན། ད་ཐེངས་གཞིས་ཀ་རྩེས་ས་ཁུལ་རིམ་པ་བསྒྱུར་ནས་གྲོང་ཁྱེར་བཙུགས་རྗེས་སུ། དེའི་སྲིད་འཛིན་བདག་དབང་སྔར་ལས་ཆ་ཚང་ཡིན་པས། རྣམ་གྲངས་བརྩོན་ལེན་ཐད་ལ་སྔར་ལས་དགེ་མཚན་ཆེན་པོ་ལྡན། ཅེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཀང་གིས་དེ་ལྟར་བཤད།

ཆེད་མཁས་པས་དབྱེ་ཞིབ་བྱ་རྒྱུར། གཞིས་ཀ་རྩེ་ས་ཁུལ་རིམ་པ་བསྒྱུར་ནས་གྲོང་ཁྱེར་བཙུགས་པ་ཡིས་བོད་ལྗོངས་ཀྱིས་གྲོང་རྡལ་ཅན་འཛུགས་སྐྱོང་ཐད་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་པ་མཚོན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་མི་གྲངས་དང་གྲོང་ཁྱེར་འཛུགས་སྐྲུན་བཅས་ཚང་མ་བོད་ལྗོངས་ཀྱི་སྔོན་གྲལ་དུ་སླེབས་ཡོད། རྣམ་པ་གསར་བའི་གྲོང་རྡལ་ཅན་རྒྱུན་ཆད་མེད་པར་བཙུགས་པ་དང་བསྟུན་ནས། མ་འོངས་པར་བོད་ལྗོངས་ཀྱི་གྲོང་ཁྱེར་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོ་དང་གྲོང་ཁྱེར་གྱི་ཚད་གཞིའང་རྒྱུན་ཆད་མེད་པར་ཇེ་མཐོར་འགྱུར་བ་རེད།

གཞིས་ཀ་རྩེ་ས་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་གཞོན་པ་ཀྲང་ཀྲུའུ་ཡིས་འདོད་ཚུལ་ལྟར་ན། ས་ཁུལ་རིམ་པ་བསྒྱུར་ནས་གྲོང་ཁྱེར་བཙུགས་པ་ཡིས་བྱེད་ནུས་ཚད་གཞི་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན། ས་ཁུལ་གྱིས་ཞིང་འབྲོག་ལས་གཙོ་བོ་བྱེད་པ་དང་། གྲོང་ཁྱེར་གྱིས་སྣ་མང་ཅན་དང་ཕྱོགས་ཡོངས་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་འཛིན་པ་རེད།

གཞིས་ཀ་རྩེའི་གྲོང་ཁྱེར་བྱང་ལམ་དོན་གཅོད་ཁང་གི་ཀྲུའུ་རིན་ཝང་ཧྲིན་གྱིས། ཀ་གཞིས་རྩེ་ས་ཁུལ་རིམ་པ་བསྒྱུར་ནས་གྲོང་ཁྱེར་བཙུགས་པ་དང་། ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་བྱུང་བའི་གོ་སྐབས་དེ་གཉིས་ཀྱིས། གཞིས་ཀ་རྩེ་ས་ཁུལ་ཡོངས་ལ་ལོ་རྒྱུས་དོན་སྙིང་ལྡན་པའི་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་གལ་ཆེན་བསྐྲུན་ཡོད་པ་རེད་ཅེས་བཤད།

ཁོང་གིས་ཐེངས་འདིའི་གོ་སྐབས་ལ་བརྟེན་ནས། གཞིས་ཀ་རྩེའི་ནོར་སྲིད་དང་མི་དོན། རྒྱལ་ཁབ་ཀྱི་གཏོང་འཇོག་བཅས་ཕྱོགས་ཡོངས་ནས་རྣམ་པ་གསར་བ་མངོན་ཐུབ་པ་དང་། གོ་སྐབས་ཡག་པོ་དམ་འཛིན་བྱས་ནས། གྲོང་ཁྱེར་འཛུགས་སྐྲུན་ཇེ་དྲག་གཏོང་ཐུབ་པའི་རེ་བ་བཅངས་ཡོད། གཙང་ཕྱོགས་ཀྱི་འཕེལ་རྒྱས་ཏེ་རྒྱལ་ཁབ་ཀྱི་སྐྱེས་ཁམས་སྲུང་ཁེབས་འཛུགས་སྐྲུན་དང་དམངས་འཚོ་ལེགས་བསྒྱུར། མཐའ་སྲུང་གཏན་བཟོ་སོགས་དེ་དག་ཚང་མར་རྣམ་པ་གསར་བ་མངོན་པ་རེད།

བོད་ལྗོངས་སྤྱིའི་ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ120ལྷག་ཡོད་པ་དང་། 2013ལོར་རྒྱུན་སྡོད་མི་གྲངས་ཁྲི 312ཟིན་པ་དང་། དེ་དག་ལས་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་བརྒྱ་ཆའི་གོ་གཉིས་ཟིན་ཡོད། ཀྲུང་དབྱང་སྲིད་གཞུང་དང་ནང་ལོགས་ཞིང་ཆེན་ཁག་གིས་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱས་པས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སོགས་ལས་རིགས་ཁག་སོ་སོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཚད་བསྟུད་མར་ལོ་ངོ 20རིང་དུ་གྲངས་གནས་གཉིས་ཡན་གོང་འཕར་བྱུང་ཡོད། ན་ནིང་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཡོང་འབབ་རྐྱང་བ་སྒོར 6578 ཟིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག