ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས19ཉིན་བོད་རང་སྐྱོང་ལྗོངས་དཔོན་ཕྱོགས་ནས་ཤེས་གསལ་བྱུང་བ་ལྟར་ན། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཀྱི་གནས་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ད་ལོ་ཟླ9པའི་ནང་ལྷ་ས་ནས་བསྡུ་རྒྱུ་རེད།
ཉེ་ལམ། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁབ་ཁང་གིས་ཆོག་མཆན་བཀོད་པ་ལྟར་རིག་གནས་པུའུ་དང་རྒྱལ་ཁབ་གནས་སྐོར་ཅུའུ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་ལྷ་ས་གྲོང་ཁྱེར་ནས་ཀྲུང་གོའི་བོད་ལྗོངས་ཀྱི་གནས་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་བསྡུ་རྒྱུ་རེད།
དཔོན་ཕྱོགས་ཀྱིས་བོད་ལྗོངས་ཀྱི་གནས་སྐོར་རིག་གནས་འགྲེམ་སྟོན་བྱེད་པར་ཐུན་མོང་མ་ཡིན་པའི་འཛམ་གླིང་ཡང་རྩེའི་རང་བྱུང་ཡུལ་ལྗོངས་དང་ཕུལ་དུ་བྱུང་བའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕྱི་ཕྱོགས་ལ་མཚམས་སྦྱོར་བྱེད་པར་སྐུལ་འདེད་བྱེད་ནུས་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས། རིག་གནས་དང་ཁྱད་ལྡན་ཐོན་རྫས་མཚན་སྙན་དྲིལ་བསྒྲགས་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་ཁྱོན་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པ། དཔལ་འབྱོར་གྱི་སྒྲིག་གཞི་ལེགས་བསྒྱུར་བྱེད་པ་སོགས་ས་གནས་རང་སྟེང་གི་འཕེལ་རྒྱས་ནུས་ཤུགས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་ཐོབ་ངེས་ཟེར། །