ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ཧུར་ཐག་སྒོས་སྲོལ་རྒྱུན་གྱི་དམངས་སྡོད་ཁང་པ་སྲུང་སྐྱོང་བྱེད་ཆེད། ཉེ་ལམ་བོད་ལྗོངས་ཀྱིས་སྲོལ་རྒྱུན་གྱི་དམངས་སྡོད་ཁང་པ་སྲུང་སྐྱོང་བྱེད་པའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་བཙུགས།
བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིན་མཁར་གྲོང་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་ལོས་ཞིན་ཁྲང་གིས་ཚེས21ཉིན་བཤད་རྒྱུར། ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་སོ་སོ་ནི་བོད་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིན་དང་རིག་གནས་ཐིན། བོད་ལྗོངས་སློབ་གྲྭ་ཆེན་མོ་བཅས་བོད་ལྗོངས་བཟོ་སྐྲུན་ལྟ་ཞིབ་ཇུས་འགོད་གླིང་སོགས་སྡེ་ཁག་ནས་ཐོན་པ་ཡིན་ལ། མ་འོངས་བར་ད་རུང་ས་གནས་དང་གྲོང་ཁྱེར། རྫོང་དང་ཤང་སོ་སོ་ནས་དམངས་སྡོད་ཁང་པ་སྲུང་སྐྱོང་ཕྱོགས་ཀྱི་ཆེད་མཁས་སྐོར་ཞིག་གདན་ཞུ་བྱས་ཏེ་ཆེད་མཁས་པའི་དཔུང་སྡེ་ཇེ་ཆེར་གཏོང་རྒྱུ་ཡིན།
སྲོལ་རྒྱུན་གྱི་དམངས་སྡོད་ཁང་པར་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་བརྡ་འཕྲིན་དང་རང་བྱུང་སྐྱེ་ཁམས་མཛེས་ལྗོངས་ཐོན་ཁུངས་ལྡན་པ་མ་ཟད། ལོ་རྒྱུས་དང་རིག་གནས། རང་བྱུང་ཤུལ་བཞག་རིག་གནས་ཀྱི་དངོས་མང་བཤམས་སྟོན་ཁང་ཡང་ཡིན། དེས་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཡོད་པས། སྲོལ་རྒྱུན་གྱི་དམངས་སྡོད་ཁང་པ་སྲུང་སྐྱོང་ལེགས་པོ་བྱས་ན་ད་བཟོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་ནུས།
རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་སྲོལ་རྒྱུན་དམངས་སྡོད་ཁང་པའི་གནས་ཚུལ་ལ་རྒྱུས་ལོན་ལེགས་པོ་བྱེད་ཆེད། བོད་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཆིན་ཧྭ་སློབ་ཆེན་གྱི་ཆེད་ལས་མི་སྣ་གདན་ཞུ་བྱས་ཏེ་གཞི་རིམ་དུ་སོང་ནས་བརྟག་དཔྱད་བྱས་པ་དང་། མིག་སྔར་བྱ་བ་སོ་སོ་སྒྲུབ་བཞིན་པའི་སྒང་ཡིན། །