མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་མཛད་སྒོ་ སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-20 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་མཛད་སྒོ་ཁག་སྤེལ་བ་རེད།པཎ་ཆེན་རིན་པོ་ཆེས་བྱམས་སྙིང་རྗེ་སྒོམ་པ་དང་།རྒྱལ་གཅེས་ཆོས་གཅེས།འགྲོ་བ་རིགས་དྲུག་བདེ་བར་འགོད་པ་བཅས་ཀྱི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཆེན་པོའི་མཛད་བཟང་བསྐྱངས་པས་རང་ལྗོངས་ཀྱི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་དད་གུས་ཚད་མེད་ཞུ་གི་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་སོགས་ཀྱིས་ལྷ་སར་པཎ་ཆེན་རིན་པོ་ཆེ་བཅས་པ་དང་མཇལ་འཛོམས་གནང་བ་དང་གཟིགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་།རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི།ཀྲུའུ་ཞི་གཞོན་པ།ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར་པཎ་ཆེན་རིན་པོ་ཆེས་མཛད་སྒོ་ཁག་སྤེལ་བར་ཕེབས་རོགས་ཞུས་ཡོད་པ་རེད།

ཟླ་7ཚེས་1ཉིན་གྱི་ཉིན་དགུང་པཎ་ཆེན་རིན་པོ་ཆེ་ལྷ་སར་ཕེབས་འབྱོར་ཟིན་པ་དང་ལྷ་སར་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་དགའ་བསུ་ཆེན་པོ་ཐོབ།

ཟླ་7ཚེས་2ཉིན་པཎ་ཆེན་རིན་པོ་ཆེས་ལྷ་ལྡན་གཙུག་ལག་ཁང་དུ་གནས་གཟིགས་སུ་ཆེད་ཕེབས་གནང་ནས་ཇོ་བོ་ཤཱཀྱ་མུ་ནེར་མཇལ་ཁ་ཞུས་པ་དང་འབྲེལ་བཞུགས་ཁྲིར་བཞུགས་ཏེ་ཞལ་འདོན་བསྐུལ་ནས་ཆར་ཆུ་དུས་སུ་བབས་པ་དང་།ལོ་ཕྱུགས་རྟག་ཏུ་ལེགས་པ།རྒྱལ་སྲིད་དར་ཞིང་འགྲོ་ཀུན་བདེ་བ།འཛམ་གླིང་ཞི་བདེ་ཡོང་བ་བཅས་ཀྱི་ཐུགས་སྨོན་གནང་ཞིང་།ཉིན་དེའི་ཞོགས་པ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་ཆགས་པའི་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མེ་ཁྲ་ཆེམ་མེར་ཕུལ་ཡོད་པ་དང་བསང་དུད་ལང་ལོང་དུ་འཕྱུར་ཞིང་།པཎ་ཆེན་རིན་པོ་ཆེ་གཙུག་ལག་ཁང་གི་སྒོ་འགྲམ་དུ་ཕེབས་སྐབས་དུང་དང་རྒྱ་གླིང་གི་སྒྲ་གྲགས་པ་དང་གཙུག་ལག་ཁང་གི་སེར་སྦྲེངས་རུ་ཁག་གི་དགེ་འདུན་ཚོས་ཆོས་ལུགས་ཀྱི་ཆོ་ག་ལྟར་ལག་ཏུ་ཆོས་རྫས་དང་།བདུག་སྤོས།མཇལ་དར་བཅས་ཁྱེར་ནས་ཆོས་ལུགས་ཀྱི་མཛད་སྒོ་གཟབ་རྒྱས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས།

ལག་ཏུ་བདུག་སྤོས་ཁྱེར་བའི་དགེ་འདུན་པ་དང་དེ་བཞིན་རྒྱ་གླིང་གཏོང་མཁན་དགེ་འདུན་པས་སྣེ་འདྲེན་ཞུས་ཐོག་པཎ་ཆེན་རིན་པོ་ཆེ་ཆོས་གོས་གསར་རྐྱང་བཞེས་ནས་དཀྱིལ་འཁོར་མཐིལ་དུ་ཕེབས་ཏེ་དགའ་ལྡན་ལྷ་ཁང་སོགས་སུ་གནས་གཟིགས་གནང་།ཞོགས་པ་ཆུ་ཚོད་6པ་ཙམ་ལ་པཎ་ཆེན་རིན་པོ་ཆེས་གཙུག་ལག་ཁང་གི་ཤཱཀྱ་མུ་ནེའི་སྐུ་མདུན་དུ་སྐུ་ཕྱག་ཕུལ་བ་དང་འབྲེལ་སྨོན་ལམ་ཡང་བསྐྱོན།དེ་རྗེས་པཎ་ཆེན་རིན་པོ་ཆེས་སྙན་ཤལ་བསྣམས་ཏེ་ཇོ་བོའི་སྐུ་མདུན་དུ་དལ་བུར་ཕེབས་པ་དང་ཐལ་མོ་སྦྱར་ནས་ཐུགས་སྨོན་དང་འབྲེལ་སྙན་ཤལ་ཡང་ཕུལ།

གནས་གཟིགས་མཇུག་འགྲིལ་རྗེས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་བཙུགས་པའི་བཞུགས་ཁྲིའི་ཐོག་བཞུགས་ནས་གྲྭ་དམངས་ལ་ཞལ་འདོན་བསྐུལ་གནང་བ་དང་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ཞལ་འདོན་གནང་རྗེས་གཙུག་ལག་ཁང་གི་དགེ་འདུན་པ་ཚོས་པཎ་ཆེན་རིན་པོ་ཆེར་མཎྜལ་རྟེན་གསུམ་ཕུལ།དེ་རྗེས་པཎ་ཆེན་རིན་པོ་ཆེས་གཙུག་ལག་ཁང་གི་དགེ་འདུན་པ་ཚོར་ཕྱག་དབང་དང་འབྲེལ་སྐུ་འགྱེད་ཀྱང་གནང་།

ཟླ་7ཚེས་3ཉིན་གྱི་སྔ་དྲོ་པཎ་ཆེན་རིན་པོ་ཆེ་དང་བཅས་པས་ལྷ་སའི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་གླིང་དུ་གནས་གཟིགས་སུ་ཕེབས་པ་དེ་ནི་ཁོང་སེ་ར་དགོན་དུ་གནས་གཟིགས་གནང་ཐེངས་དང་པོ་རེད།པཎ་ཆེན་རིན་པོ་ཆེ་སེ་ར་དགོན་དུ་ཕེབས་རྗེས་གྲྭ་དམངས་སེར་སྦྲེངས་རུ་ཁག་གི་ཕེབས་བསུའི་འོག་བྱེས་གྲྭ་ཚང་དུ་ཕེབས།ལག་ཏུ་བདུག་སྤོས་ཁྱེར་བའི་དགེ་འདུན་པའི་སྣེ་འདྲེན་དང་དགེ་འདུན་པའི་ཞལ་འདོན་གྱི་སྒྲའི་ཁྲོད་དུ་པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་སེ་ར་དགོན་གྱི་སྲིད་གསུམ་ལྷ་ཁང་དང་།རྟ་མགྲིན་ལྷ་ཁང་།ཇོ་ཁང་།རྒྱལ་བ་ཙོང་ཁ་པའི་ལྷ་ཁང་།འཇམ་དབྱངས་ལྷ་ཁང་།བྱེས་གྲྭ་ཚང་འདུ་ཁང་།སྤྱན་རས་གཟིགས་ལྷ་ཁང་།ཙོང་ཁ་པའི་སྐུ་འབུམ་ལྷ་ཁང་སོགས་སུ་གནས་གཟིགས་གནང་བ་དང་ལྷ་ཁང་ཁག་ཏུ་ཕེབས་རིམ་བཞིན་པཎ་ཆེན་རིན་པོ་ཆེས་སྐུ་བརྙན་ཚང་མར་དབུ་ཐུག་དང་སྙན་ཤལ་ཕུལ་བ་དང་འབྲེལ་སྨོན་ལམ་ཡང་བསྐྱོན།

པཎ་ཆེན་རིན་པོ་ཆེས་སེ་ར་དགོན་དུ་གནས་གཟིགས་གནང་རིང་དད་ལྡན་མང་ཚོགས་ཚོས་རིན་པོ་ཆེ་ཕེབས་པ་ཤེས་སྐབས་དགོན་སྡེའི་ལམ་བུ་གཙོ་བོའི་གཞོགས་གཅིག་ཏུ་དགའ་སྤྲོའི་ངང་གྲལ་སྟར་རིང་པོ་བསྒྲིགས་ནས་རིན་པོ་ཆེས་ཕྱག་དབང་གནང་རྒྱུར་སྒུགམི་ཚོགས་ཁྲོད་དུ་རྒན་རྒོན་ཡོད་ལ་ན་གཞོན་ཡང་ཡོད་ཅིང་།ཁོང་ཚོས་ལག་ཏུ་ཕྲེང་བ་ཐོགས་པ་དང་ཐལ་མོ་སྦྱར་ཏེ་མཇལ་དར་དང་མེ་ཏོག་ཁྱེར་ནས་ཆེས་ལྷག་བསམ་ཟོལ་མེད་ཀྱི་རྣམ་པའི་ཐོག་ནས་རིན་པོ་ཆེར་གུས་བཀུར་ཞུ་ལུགས་མཚོན།པཎ་ཆེན་རིན་པོ་ཆེས་འཛུམ་དམུལ་དམུལ་ངང་ཐུགས་བརྩེ་ཆེན་པོས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་།ལོ་60ལས་བརྒལ་བའི་རྒད་པོ་ཚེ་བརྟན་གྱིས་རིན་པོ་ཆེའི་ཕྱག་དབང་ཐོབ་རྗེས་འཛུམ་མདངས་འཕྱུར་བཞིན་དུ“དེ་རིང་ང་ལ་པཎ་ཆེན་རིན་པོ་ཆེའི་ཕྱག་དབང་ཐོབ་པ་དེ་ངའི་བསོད་ནམས་རེད”ཅེས་བཤད།

ལྷ་སར་བཞུགས་རིང་པཎ་ཆེན་རིན་པོ་ཆེས་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་།རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བཞུགས་མོལ་གནང་ཞིང་།པཎ་ཆེན་རིན་པོ་ཆེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འབྲོང་བུ་ཚེ་རིང་རྡོ་རྗེ་དང་བཀྲ་ཤིས་རྒྱལ་མཚན་དང་།རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་འཕྲིན་ལས་དབང་རྒྱལ་དང་།བདེ་ཆེན་དབང་མོ།ཝང་པིན་བཅས་ཀྱི་གཏམ་བཤད་གསན་རྗེས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ལྟེ་བ་དང་ཁྱོན་ཡོངས་ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་།དམངས་གཙོ་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་ཏེ་འབྲེལ་བ་མཐུན་སྦྱོར་དང་།སྟོབས་ཤུགས་གཅིག་སྒྲིལ།ཐབས་དང་ཇུས་མཉམ་འདོན།ཁྱོན་ཡོངས་ལ་ཞབས་ཞུ་བཅས་ཀྱི་ནུས་པ་གང་ལེགས་འདོན་པར་ཚད་མཐོའི་གདེང་འཇོག་གནང་ཞིང་།ཁོང་གིས“སྲིད་གྲོས་ཀྱི་ཨུ་ཡོན་ཡག་པོ་ཞིག་བྱེད་པའི་བྱེད་སྟངས་བྱེད་ཐབས་དང་འགན་འཁྲི་ལེགས་པར་སྒྲུབ་པའི་ཐད་ཨུ་ཡོན་ལྷན་རྒྱས་དང་དེ་རིང་ཐུན་མོང་ཐོག་གྲོས་མོལ་སྤེལ་རེས་བྱ་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང”ཞེས་དང་པཎ་ཆེན་རིན་པོ་ཆེས་ད་དུང“སྲིད་གྲོས་ཨུ་ཡོན་ཡིན་པའི་ངོས་ནས་བརྗོད་ན།ང་ཚོས་ཐུན་མོང་ཐོག་ལག་གདང་སྦྲེལ་བ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་དོན་དངོས་དང་མང་ཚོགས་ཀྱི་ཁྲོད་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་དེ་བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཇུས།རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བོད་མི་དམངས་ཀྱི་ཁེ་ཕན་དང་འཚམ་པའི་བསམ་འཆར་དང་གྲོས་འགོ་མང་ཙམ་བཏོན་ནས་རྒྱལ་ཁབ་དང་མི་དམངས་ལ་བདེ་བ་བསྐྲུན་དགོས”ཞེས་གསུངས།

ཟླ་7ཚེས་5ཉིན་གྱི་སྔ་དྲོ་པཎ་ཆེན་རིན་པོ་ཆེ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་གཟིགས་ཞིབ་གནང་བར་ཕེབས་ནས་རང་ལྗོངས་ཀྱི་ཆོས་ཕྱོགས་ལས་རིགས་ཀྱི་མི་སྣ་དང་བཞུགས་མོལ་གནང་།བཞུགས་མོལ་ཚོགས་འདུའི་ཐོག་པཎ་ཆེན་རིན་པོ་ཆེས་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་།ལོ་སེམས་པ་འཕྲིན་ལས་ཆོས་བཟང་།ལྷག་པ།ངག་དབང་སྟོབས་འབྱོར།བསོད་ནམས་ཕུན་ཚོགས་སོགས་དགེ་འདུན་པའི་གཏམ་བཤད་ནན་ཏན་ངང་གསན་པ་དང་ངོ་མཚར་ཆེ་བའི་གཏམ་བཤད་ཐོས་སྐབས་ཁོང་གིས་འཛུམ་དམུལ་དམུལ་ངང་དབུ་ལྕོག་ལྕོག་གིས་བསྔགས་བརྗོད་གནང་བ་དང་ད་དུང་ཟིན་ཐོ་ཡང་ཡང་བསྐྱོན་ཞིང་།པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་ནང་བསྟན་གྱི་སྙིང་པོར་བརྩོན་ཞིབ་དང་།བསྟན་པའི་གསུང་རབ་ལ་སློབ་སྦྱོང་།སངས་རྒྱས་ཀྱི་བསྟན་དོན་ལག་ལེན་བཅས་བྱས་ནས་འགྲོ་བར་དགེ་ལས་བསྒྲུབ་རྒྱུར་ཁྲིད་སྟོན་དེ་བས་ལེགས་པར་བྱས་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་།ཆོས་ལུགས་ཐད་སྐུ་ཡོན་ཆེ་བ།ཀུན་སྤྱོད་ཐད་དམངས་ཀྱིས་མགུ་བ།འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་གྲྭ་བཙུན་ཡག་པོ་ཞིག་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་ཡོང་བ་བྱེད་རིང་ཆོས་ཕྱོགས་ལས་རིགས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱས་ནས་རྒྱལ་ཁབ་དང་མི་དམངས་ལ་བདེ་བ་བསྐྲུན་དགོས་ཞེས་གསུངས།

ཟླ་7ཚེས་10ཉིན་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་བྱེད་པ་དང་བཞུགས་མོལ་གནང་སྐབས་པཎ་ཆེན་རིན་པོ་ཆེས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་དོན་དང་།ལྷག་པར་དུ་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱེད་པའི་ལས་དོན་ལ་ནུས་ཤུགས་དང་ཕན་འབྲས་ལྡན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ངོས་འཛིན་གནང་བ་དང་།པཎ་ཆེན་རིན་པོ་ཆེས་འཐབ་ཕྱོགས་གཅིག་གྱུར་སོགས་སྡེ་ཚན་གྱིས་སྔར་རྒྱུན་ལྟར་ཡང་འབད་བསྐྱར་འབད་ཀྱིས་རྒྱ་ཆེའི་ཆོས་ཕྱོགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་མི་སྣར་ཐུགས་ཁུར་དང་བྱམས་སྐྱོང་ཡག་པོ་བྱས་ནས་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རིང་ནུས་པ་ཧུར་ཐག་འདོན་ཕྱིར།མཐུན་རྐྱེན་སྦྱོར་དགོས་ཞེས་གསུངས་པ་རེད།

ལྷ་སར་བཞུགས་རིང་པཎ་ཆེན་རིན་པོ་ཆེས་ད་དུང་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་མཇལ་ཁར་ཡོང་བའི་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་ཞིང་།ཉིན་ཤས་བསྟུད་མར་ཕྱག་དབང་ཞུ་བར་ཡོང་མཁན་གྱི་དད་ལྡན་མང་ཚོགས་རྒྱུན་ཆད་རྒྱུ་མེད་པ་དང་།རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་ལག་ཏུ་དཀར་གཙང་མཇལ་དར་འཁྱེར་བ་དང་དགའ་སྤྲོ་ཚད་མེད་སྒོ་ནས་གྲལ་རིང་པོ་བསྒྲིགས་ཏེ་སྒུར་སྒུར་བྱེད་བཞིན་དུ་པཎ་ཆེན་རིན་པོ་ཆེའི་བཞུགས་ཁྲིའི་མདུན་དུ་བསྐྱོད་ནས་མཇལ་དར་ཕུལ་ནས་པཎ་ཆེན་རིན་པོ་ཆེའི་ཕྱག་དབང་དང་།སྐུ་པར།ལྗགས་མདུད་བཅས་ཞུས།དད་ལྡན་མང་ཚོགས་མི་ཉུང་བ་ཞིག་གིས་ཕྲུ་གུ་དམར་འབྱར་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་དུ་ཁྱེར་ནས་ཕྲུ་གུར་མིང་ཞུ་བ་དང་།ད་དུང་ལོ་ན་བགྲེས་པའི་དད་ལྡན་མང་ཚོགས་ཚོས་ལག་ཏུ་འཁྱེར་བའི་མ་ཎི་ལག་སྐོར་རམ་ཡང་ན་ཕྲེང་བ་ལ་རབ་གནས་ཞུས།པཎ་ཆེན་རིན་པོ་ཆེས་འགོ་ནས་མཇུག་བར་འཛུམ་དམུལ་དམུལ་ངང་དད་ལྡན་མང་ཚོགས་ཚོའི་རེ་བ་རེ་རེ་བཞིན་སྐོང་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག